[A:༡༢༦]བླ་མ་འདིའི་ཞབས་པད་བསྙེན་ནས་གསུང་གི་བདུད་རྩི་ངོམ་མེད་དུ་གསོལ་བ་ཞིག་བྱུང་ན་ཅི་མ་རུང་དགོངས་པའི་དད་མོས་ལྷག་པར་ཡང་འཁྲུངས་པ་ནི། རྒྱལ་སྲས་ཤཱནྟ་དེ་བས། ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ཞེས་བྱང་ཆུབ་སེམས་དཔའི་སྤྱོད་པ་བླ་ན་མེད་པའོ། །དེ་ཚེ་མཛོད་འཛིན་གྱིས། ཡབ་རྗེ་མཆོག་སོགས་བླ་མ་དམ་པ་འགའ་ཞིག་ལ་རྗེ་ཉིད་ནས་ཟབ་ཆོས་གསན་ཚུལ། ད་ལྟ་གསན་མུས་བཅས་དེས་རྣམ་འདྲེན་དམ་པ་ཉིད་ཀྱང་དབུ་བླར་ཕེབས་དགོས་ཚུལ་ཞིབ་རྒྱས་ཞུས་པར། ད་ལམ་ཆོས་འབྲེལ་ཞིག་ཕུལ་ཏེ་འགྱངས་མིན་ཕེབས་པའི་ཞལ་བཞེས་བསྩལ། སང་ཉིན་བཀའ་ཆོས་བསྩལ་རྒྱུའི་དོ་ནུབ་རྗེ་ཉིད་ཐུགས་སྤྲོ་དགའ་བདེ་སྟོང་གི་ངང་དུ་འདས་ཤིང༌། དེ་ནུབ་ཞབས་དྲུང་གི་མནལ་ལམ་དུ་ཡབ་རྗེ་བསོད་ནམས་རིན་ཆེན་དེ་ཉིད་ཀྱི་ཞབས་དྲུང་ཉིད་ལ་སྦྱངས་ཁྲུས་རྒྱས་པ་ཞིག་བསྩལ་བ་འཁྲུངས་པའི་སང་ཉིན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་ཐུན་མོང་མ་ཡིན་པ་གསུང་བཤད་ཤིན་ཏུ་རྒྱས་པ་དང་བཅས་གནང་བས། གང་གི་ཐུགས་རྗེ་དང་རྗེ་ཉིད་ཀྱིས་བྱིན་རླབས་འཕྲལ་དུ་བཞུགས་ཏེ་སྟོན་དང་བསྟན་པ་གཞན་ནས་མི་འཚོལ་བའི་དད་མོས་དང༌། ཡོངས་རྫོགས་སྙན་བརྒྱུད་བསྟན་པ་རིན་པོ་ཆེའི་མངའ་བདག་ཏུ་འགྱུར་བའི་རྟེན་འབྲེལ་གྱི་སརྒ་འབད་མེད་ལྷུན་གྲུབ་ཏུ་འགྲིག་པར་གྱུར་ཏོ། །གནས་དེར་ཁྲོམ་དབང་དང་འདུས་ཚོགས་སུ་འཇམ་དབྱངས་དམར་སེར་གྱི་རྗེས་གནང༌།