R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༢༥
[A:༡༢༥]འཁྲུངས་པ་ཞིག རྗེ་རྡོ་རྗེ་འཆང་ཉིད་ཞལ་གཟིགས་ཕྱོགས་ཀྱི་རྟེན་འབྲེལ་གྱི་སརྒའང་མ་ལོག་པར་བྱང་གཟིགས་ལ་ཞབས་དྲུང་ཉིད་ལྷོ་གཟིགས་སུ་ཐོག་མར་ཞལ་རྒྱས། རིམ་གྱིས་གཏམ་སྙན་བཞུགས་ཁྲིར་ཆོས་སྡེའི་ཐབ་བསུའི་ཐོག་ཆོས་རྗེ་ཁུ་དབོན་གྱི་ལོ་རྒྱུས་སོགས་ཞིབ་རྒྱས་སུ་ཕུལ། བོད་ཀྱི་མཁར་ཆགས་པའི་ཐོག་མར་གྲགས་པ་ཡུམ་བུ་བླ་མཁར་གཙུག་ལག་ཁང་དུ་མཆོད་འབུལ་སོགས་ཀྱི་སྐབས། རྒྱལ་རབས་ཆོས་འབྱུང་ལོ་རྒྱུས་ཀྱི་བཤད་པ་ཆུ་འབབ་པ་ལྟར་གནང་བས་ཐུགས་ཡིད་འཕྲོག་སྟེ། ཡབ་རྗེ་རྡོ་རྗེ་འཆང༌། ཐར་རྩེ་རྡོ་རྗེ་འཆང༌། བྲག་རྩ་བ་ཆེན་པོ་རྣམས་ངེས་ཤེས་གཏིང་ནས་རྙེད་པའི་བླ་མ་དམ་པ་རང་ཡིན་ཡང༌། ད་ལྟའི་སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་འདི་ལ་དཔགས་ན་བླ་མ་འདི་དེ་བས་ལྷག་པ་ཞིག་མེད་ཀྱང་མི་ཞན་ངེས་པར་འདུག་དགོངས་པའི་ཐུགས་མོས་དང༌། བླ་བྲང་གི་སྒོ་སྤེ་མཁན་ཆེན་གཞོན་ནུ་བློ་གྲོས་ཀྱི་གཟིམ་ཆུང་དུ་གདན་འཇགས། སང་ཉིན་སྒྲོལ་དཀར་གྱི་གསུང་ཆོག་རྒྱས་པ་སྔོན་འགྲོའི་ཞབས་བརྟན་གྱི་ཚེ། སྐུ་གསུང་ཐུགས་རྟེན། མནྜལ། ཞལ་དཀར་སྟེགས་བཅས། གདིང་བ་གོས་ཀྱི་བླ་བྲེ་སོགས་རྟེན་འབྲེལ་གྱི་རྫས་གྱ་ནོམ་པ་དང༌། སྤྱི་གསོ་ནས་ཀྱང་དངོས་འབུལ་བླ་མེད་བཅས་མཛད་སྦྱོར་གྱི་མཐར། སྐུ་གསུང་ཐུགས་འགྱུར་མེད་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བཞུགས་ཏེ། ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བ་སོགས་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ནས་དྲངས་པའི་ལུང་རིགས་ཀྱི་ལེགས་བཤད་བསྩལ་བ། ཐུགས་ཀྱི་དཔའ་བེར་སིམ་པ་སོགས་ཀྱི་རྐྱེན་གྱིས། ད་ཆ་