[A:༡༢༧]གནས་གཟིགས་སྐབས་གནས་བཤད་ཀྱང་ཞབས་དྲུང་མཆོག་ནས་བསྩལ། འདུ་ཁང་སྟེང་གི་ཚར་ཆེན་རྣམ་ཐར་གྱང་རིས་མའི་འདར་གདོང་འཁྲུགས་པའི་ཞིང་བཀོད་ཀྱི་ཐད་དུ། འདི་ཅི་འདྲ་ལགས་གསུངས་པས་འདི་འདར་གདོང་འཁྲུགས་ནས་ཕན་ཚུན་འཐབ་མོ་བྱེད་ཅིང༌། ཚར་ཆེན་རིན་པོ་ཆེས་མཆོད་གཡོག་ལ་ཐོག་ཁ་ནས་མི་རྐང་བུས་གསུངས་པ་དང་སེར་བ་བབས་ཤིང༌། མ་ཆེན་རྡོ་བཀྲས་ཚར་ཆེན་ལ་མཐུ་མཛད་དགོས་ཞུས་པས། ཞལ་གྱིས་མ་བཞེས་པར་ངོ་ནག་ཐུག་གེར་བསྡད་པ་སོགས་ཀྱི་ཞིང་བཀོད་ཡིན་འདུག་གསུངས། དེ་སྐབས་ཐུགས་རྟོག་ཅི་ཡང་མ་འཁྲུངས་ཀྱང་རྗེས་སུ་གནས་ཚུལ་དེ་འདྲ་ངན་ཅན་གྱིས་ཞུས་པ་མིན་ནམ་སྙམ་པའི་དགོངས་པ་ཚོམ་དོགས་འཁྲུངས་ཀྱང༌། སྒོ་གང་ས་ནས་ཞིབ་འཇུག་མཛད་པ་ཅི་ཡང་ཚོམ་གཞི་མ་བྱུང་བས་ཐུགས་བག་ཕེབས། སྲི་གཅོད་འབུམ་པར་ཐབ་སྐྱེལ་སྐབས་དེ་སྐོར་ཚོང་དཔོན་དང་ནེ་ཙོའི་ལོ་རྒྱུས་ཞིབ་པར་དང་མཆོད་རྟེན་ལ་བསྐོར་བ་མཛད་ན་སྲི་ལས་ཐར་ཚུལ། བྱ་ས་ལྷ་ཁང་སྐོར་གྱི་རྟེན་བཤད་རྣམས་བཀའ་དྲིན་ཆེ་བ་སོགས་ལེགས་ལམ་མཆོག་ཏུ་དགེ་བའི་སྒོ་དང་པོ་དོད་པར་གྱུར་ཏོ། །དེ་ནས་རིམ་ཕེབས་ཀྱིས་རྣམ་སྲས་མོན་མཁར་རིང་མོ་དང༌། བྱེས་ཚོགས་སུ་པཎ་ཆེན་གྱི་རྫ་སྐུ་དང་ཁྱུང་པོའི་ཐུགས་རྟེན་སོགས་ལ་མཆོད་འབུལ་ཐུགས་སྨོན། ཁྲོམ་དབང་འདུས་ཚོགས་རྣམས་ལ་རྗེས་གནང་སོགས་བསྩལ། ཆོས་སྐྱོང་ཆེན་པོས་བཀའ་བཞིན་འཕྲིན་ལས་སྒྲུབ་པའི་ཐ་ཚིག་རྐྱང་ཕུལ་ལོ། །
དགུང་གྲངས་བཅུ་དྲུག་ཏུ་ཕེབས་པ་ཤིང་བྱའི་རྒྱལ་པོ་ལོ་གསར་གྱི་ལྷ་