[A:༡༢༩]གཞིས་ཁར་ཁྲོམ་དབང་སོགས་མཛད་དེ་རྟ་ཟླའི་ནང་ཆིབས་བསུ་སོགས་སྔར་རྒྱུན་བཞིན་གྱིས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཕྱག་ལེགས་པར་ཕེབས་ཏེ་དགའ་སྟོན་གཏང་རག་སོགས་ཀྱིས་དུས་འདའ་བའི་སྐབས་སོ།།
དེ་ནས་ཧོར་ཟླ་གཉིས་གསུམ་གང་རིགས་ཀྱི་བདུན་ཕྲག་གཅིག་རིང་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་དང་ཚེ་རྟ་སྦགས་སྒྲུབས་ཀྱི་ལྗགས་བསྙེན་སྒྲོལ་དཀར་གྱི་སྦྱིན་སྲེག་བཅས་བཀའ་དྲིན་ཆེ་ཞིང༌། ས་གའི་མཇུག་ནས་ཟླ་གཅིག་རིང་ཁྱད་འཕགས་མགོན་ཁང་དུ་གུར་གྱི་མགོན་པོའི་ལྗགས་བསྙེན་ཡི་གེ་བཅུ་གཉིས་མ་འབྲུ་འབུམ་སྦྱིན་སྲེག་བཅས་མཛད་པ་ནི་ལྗགས་བསྙེན་དང་པོའི་སྐབས་སོ། །ཆུ་སྟོད་ཟླ་བའི་ཚེས་འགོར་རྗེ་བཙུན་རེག་བྱེད་ལྷ་མོའི་ལྗགས་བསྙེན་ཞག་བདུན་སྦྱིན་སྲེག་བཅས་གནང་སྐབས་རྣམས་ལ་དངོས་ཉམས་ཀྱི་ལྟས་ཡ་མཚན་ཡོད་ཚུལ་རྣམས་ཟིན་བྲིས་མ་མཆིས་ཤིང༌། འོན་ཀྱང་རིག་བྱེད་མའི་ལྗགས་བསྙེན་གྲོལ་འཕྲལ་ཙནྡན་དམར་པོའི་ཕྲེང་བ་ཕྱག་འབྱོར་སོགས་གཞུང་ནས་བཤད་པའི་སྒྲུབས་རྟགས་འཁྲུལ་མེད་བྱུང་ཞེས་བཀའ་ཕེབས། དེ་ལོའི་བཛྲ་ཀཱི་ལ་ཡའི་སྒྲུབ་མཆོད་ཀྱི་རྡོ་རྗེ་སློབ་དཔོན་མཛད་དེ་སྐལ་ལྡན་གྱི་སློབ་བུ་བརྒྱ་དང་ཉེར་ལྔ་དེའི་དཀྱིལ་འཁོར་དུ་སྨིན་གྲོལ་ལ་འགོད་པ་མཛད་པའི་རྒྱུན་ལོ་ཡུན་རིང་པོའི་བར་དུ་མང་ཉུང་ཅི་རིགས་རེ་དང༌། དེ་ལོ་གསེར་མདོག་དཔོན་པོར་ཀྱཻ་རྡོ་རྗེའི་རྒྱུ་དབང་དང༌། ཚེ་དབང་གདན་སའི་ལས་ཆེན་པ་སོགས་མཚམས་པའི་རིགས་རྣམས་ལ་ལམ་དབང༌། གོང་མའི་རྣལ་འབྱོར་མ་དང་བསྟུན་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་