[A:༡༣༠]བྱིན་རླབས་ཚར་ལྔ་བསྩལ་ཞིང༌། དེའི་ཟླ་མཇུག་ལ་འཇམ་མགོན་གནས་གསར་པ་ཆེན་པོ་གདན་སར་ཕེབས་ཏེ། བོད་ལོ་གསར་པའི་ཡར་ཚེས་ལ་དགེ་བ་ནས་བཟུང་ཁའུ་བྲག་རྫོང་པའི་ལུགས་སམ་ཚར་ལུགས་སུའང་གྲགས་པ། ཚེ་ཐུང་དབང་པོ་ཡང་རབ་ཚེ་གཅིག་ལ་སངས་རྒྱས་པའི་ཐབས་ཐུན་མོང་མ་ཡིན་པ་ཡོངས་རྫོགས་བསྟན་པ་རིན་པོ་ཆེའི་ཉམས་ལེན་གྱི་གདམས་པ་གསུང་ངག་ཟབ་མོ་སློབ་བཤད་ཅེས་གྲགས་པ་འདི་ཉིད་ནི། ཀུན་མཁྱེན་ཀླུ་སྒྲུབ་རྒྱ་མཚོས། ཚོགས་པར་བཤད་པའི་དྲང་དོན་ཟ་ཟིའི་གཏམ། །རྣམ་པར་སྤངས་ཏེ་སློབ་བུ་མཆོག་དག་ལ། །གཅེས་པར་བསྐྱངས་པའི་ངེས་དོན་སྙིང་པོའི་བཅུད། །ཟབ་མོ་སློབ་བཤད་འཁྱོངས་པ་བྱིན་གྱིས་རློབས། །ཞེས་གསུངས་པའི་གསུང་ངག་ལུགས་གཉིས་ཀྱི་འཆད་ཚུལ་ཡང་འདི་ལྟ་སྟེ། མུས་ཆེན་འཁོར་ལོ་སྡོམ་པ་ཡན་ལ་ཚོགས་སློབ་ཀྱི་ཐ་སྙད་མི་སྣང་ཡང་མགོན་དེས་བདག་ཆེན་རྡོ་རྗེ་འཆང་ལ་ཟབ་གནད་འགའ་ཞིག་ཟུར་དུ་བསྩལ་བ་ནས་དེ་ལྟར་དུ་གྲགས་པའི་གདམས་ངག་ཟབ་མོ་དབང་གི་བྱིན་རླབས་ཉམས་ཁྲིད་ལུང་ལུས་སྦྱོང་འཁྲུལ་འཁོར། འཕྲིན་ལས་སོ་གཉིས་རྣམས་ཀྱི་ཕྱག་ལེན་སོགས་ཞིབ་ཅིང་མཐའ་ཆོད་པ་གོང་དུ་བསྟན་པ་བཞིན་དང༌། གཞན་ཡང་གོང་བཤད་རྣམས་ཀྱི་ནང་ནས། རྗེས་གནང་ཟུར་བཀའི་རིགས་རྣམས་དང༌། བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་བཅས་སྣྲོན་ཟླའི་བར་ཙམ་གནས་གསར་རྗེ་བཞུགས་ཏེ། གསན་བསམ་མཛད་དོ།།
དགུང་གྲངས་བཅུ་བདུན་དུ་ཕེབས་པ་ཤིང་གླང་ལོར་རྣམ་ཐར་བསྡུས་