R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༣༡
[A:༡༣༡]པ་ལས། གསར་བསྐྲུན་ཉམས་གསོ་བསྟན་པ་བྱི་དོར་དང༌། །གན་མཛོད་ཕྱུར་དང་དབུལ་ཕོངས་སྦྱིན་གཏོང་དང༌། །ཚུལ་ཁྲིམས་དྲི་ཞིམ་བཟོད་སྲན་མགོ་མེ་ལྟའི། བརྩོན་འགྲུས་མཐའ་རུ་ཕྱིན་ལ་གསོལ་བ་འདེབས། །བསྐྱེད་རྫོགས་མཉམ་བཞག་ཉིན་མཚན་དུས་འདའ་ཞིང༌། །མ་འདྲེས་སོ་སོར་དཔྱོད་པའི་ཤེས་རབ་བཀྲ། །རྣམ་བཞིའི་སྦྱིན་པ་སྙན་སྨྲས་འཁོར་འདུས་ནས། །དོན་སྤྱོད་དོན་མཐུན་འགྲོ་རྣམས་སྐྱོང་ལ་འདུད། །ཅེས་གསུངས་པ་ལྟར་ལོ་འདིར་མཛོད་འཛིན་གྲྭ་ཚང་བ། རྒྱལ་མཚན་རིན་ཆེན་གྱིས་བསྐུལ་མ་ཞུས་དོན་བཞིན། འཛམ་གླིང་མཛེས་པའིརྒྱན་མཆོག་སྤྲུལ་པའི་གནྡྷོ་ལ་ཆེན་པོ་འདིའི་ཤར་ནུབ་བྱང་གསུམ་གྱི་སྤེན་བད་གསར་སྤོད་དང་སྦྲགས་གོ་འཕང་ཆེར་བསྟོད་ཅིང༌། ལྷོ་མར་ཁ་སྒྲོན་བཅས་གཙུག་ལག་ཁང་མཛེས་པའི་ཞབས་ཏོག་རྒྱ་ཆེར་བསྐྲུན་པའི་གསུང་གསང་ལྷུག་པར་གྲོལ་བའི་ཐ་ཚིག་རྡོ་རྗེའི་རི་མོ་སྤྱི་བོའི་རྒྱན་དུ་བཀོད་དེ། འགོ་བཟོ་འུལ་མི་བཅས་ནས་སླ་བཅོས་བབ་ཅོལ་དུ་མ་སོང་བར་རྒྱུ་འབྲས་ཀྱི་བླང་དོར་སྙིང་ཁོངས་སུ་བཅངས་ཏེ་བགྱིས་པའི་དགེ་བའི་རྩ་བ་ནི། སྔགས་འཆང་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་དུ། གདན་ས་ཆེན་པོ་འདི་ཉིད་ཀྱི་ཁང་ཕྲན་རེ་ལ་ཞིག་གསོ་བྱས་ན་ཡང་མཆོད་རྟེན་རེ་བཞེངས་པའི་ཕན་ཡོན་དང་འདྲ་བར་བླ་མ་གོང་མ་རྣམས་ཀྱི་གསུང་ལས་འབྱུང་བ་ཐུགས་ལ་ཞོག་གསུངས་པས་ན། དེ་ལྟ་བུའི་དགེ་བའི་རྩ་བ་རྒྱ་ཆེན་པོ་རྣམས་ལ་ལྟ་སྨོས་ཀྱང་ཅི་འཚལ། ལས་མི་རྣམས་སྤྱི་སྒེར་ནས་ཇ་ཆང་རྩམ་ཤ་སོགས་འདུ་ལོང་ཕུན་སུམ་ཚོགས་པ་དེ་