R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༣༤
[A:༡༣༤]དཀར། མཁའ་སྤྱོད་མ་རྣམས་ཀྱི་རྗེས་གནང༌། ཞྭ་ལུ་བ་ཚོར་མཁའ་སྤྱོད་རྡོ་རྗེ་བཙུན་མོའི་བྱིན་རླབས་གནང་བའི་ཚེ་ནང་མཆོད་ཀྱི་དཀྱིལ་དུ་བཾ་ཡིག་རང་བྱོན་འཁྲུངས་པ་ཀུན་གྱི་མིག་གི་བདུད་རྩིར་བསྩལ་བའི་ངོ་མཚར་གྱི་མཛད་པ་དང་སྦྲགས་ཚར་མཛད་སྒྲུབ་དཀྱིལ་ལྗགས་ལུང་རྣམས་ཀྱི་སྒོ་ནས་ལས་ཅན་དག་པའི་གདུལ་བྱ་མང་པོ་རྗེས་སུ་བཟུང་བར་མཛད་དོ།། དགུང་གྲངས་བཅུ་དགུར་ཕེབས་པ་མེ་ཡོས་གྲོ་བཞིན་ཟླ་ནང་ཆོས་སྡེ་ཉི་ཟླ་ཟུང་སོགས་ལ་སྒྲུབ་ཐབས་བརྒྱ་རྒྱམ་གྱིས་མཚོན་ཆོས་ཆར་མཐའ་ཡས་པ་ཞིག་དང༌། གཞན་ཡང་གྲང་ཆེན་དབུ་བྱེད་སྤོར་ར་བླ་མ། གྲགས་ཆེན་སློབ་ཚབ་སྦྱིན་པ་རྣམས་ལ་སོགས་པར་ལས་གཤིན་བཅུ་གསུམ་མའི་རྗེས་གནང་སོགས་དང༌། གདན་སའི་ཟོར་ལས་པ་སོགས་ལ་བསྟན་སྲུང་སོ་སོའི་རྗེས་གནང་སོགས། གཞན་ཡང་ཆོས་ཆར་རྒྱ་ཆེར་འབེབས་པར་མཛད་དོ།། དེ་མཚམས་ནས་གུང་འགྱུར་མེད་ཚེ་བརྟན་དཔོན་གཡོག་རྣམས་ཕེབས་པའི་ཚེ་རྗེ་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས། བླ་བྲང་ཕུན་ཚོགས་གླིང་དུ་མཇལ་ཕྱག་སོགས་ལུགས་གཉིས་ཀྱི་བདག་རྐྱེན་ཕུན་སུམ་ཚོགས་པས་ཁོང་དཔོན་གཡོག་རྣམས་དགའ་སྤྲོ་འཛུམ་མདངས་ཀྱི་དཔལ་ལ་སྦྱོར་བ་མཛད་སྐབས། གཅུང་པོ་འཇམ་མགོན་མཐུ་སྟོབས་དབང་ཕྱུག་ཉིད་དགེས་རྡོར་གཞི་བསྙེན་མཛད་སྐབས་རྣམས་སོ།། དགུང་གྲངས་ཉི་ཤུར་ཕེབས་པ་ས་འབྲུག་ལོར་རྗེ་རྡོ་རྗེ་འཆང་སྐུ་མཆེད་ཞལ་རྒྱས་ནས་དཔལ་གུར་གྱི་མགོན་པོའི་ལྗགས་བསྙེན་ཟླ་གང་མ་ཞིག་