R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༣༣
[A:༡༣༣]གྱི་རྗེས་གནང༌། རང་ལུགས་ཀྱི་དབང་རྗེས་གནང་ཆོས་སྤྱོད་བསྐང་བའི་ལུང༌། མཁའ་སྤྱོད་སྐོར་དང་འཇིགས་བྱེད་ཆོས་སྐོར་གུར་མགོན་ཡང་ཅི་རིགས་སོགས་ཁྲོམ་དབང་རྒྱ་ཆེར་བསྩལ། ཆོས་སྦྱིན་མཐའ་ཡས་པ་ཞིག་གིས་འདིར་མ་ཟད། སྐུ་ཚེ་རིལ་པོར་འདའ་བར་མཛད་པ་རྣམས་ཀྱང༌། དབྱིག་གཉེན་གྱིས། ཆོས་སྦྱིན་ཉོན་མོངས་ཅན་མིན་པས། །མདོ་སོགས་ཇི་བཞིན་ཡང་དག་སྟོན་ཅེས་དང༌། བསླབ་བཏུས་ལས། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད། །བསོད་ནམས་འཕེལ་བའི་རྒྱུ་ཡིན་ནོ། ཞེས་གསུངས་པ་ལྟར་གྱི་སྒོ་ནས་ལེགས་པར་འདོམས་པ་སོགས་གདན་ས་དེའི་འགྲོ་དོན་རྣམས་མཛད་ཟིན་ནས། རྗེ་བཙུན་སྒྲོལ་མས་ལུང་བསྟན་པའི་གནས་ངོར་ཨེ་ཝཾ་ཆོས་ལྡན་གྱི་ཆོས་གྲྭ་ཆེན་པོར་དབང་རྗེས་གནང་སོགས་ཀྱིས་སྐལ་ལྡན་རྣམས་ཆོས་ཆར་གྱིས་ཚིམ་པར་མཛད་ནས་འོག་མིན་སྟུག་པོ་བཀོད་པའི་ཞིང་དང་མཚུངས་པར་རྗེ་བཙུན་རིན་པོ་ཆེ་སོགས་གོང་མ་མང་པོ་རྗེས་འབྲང་བཅས་པས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བ་མཛད་པའི་གནས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཕེབས་ཏེ། ས་གའི་རྣལ་འབྱོར་དབང་ཕྱུག་བིརྺ་པ་ས་དྲུག་གི་རྟོགས་པ་རྣམས་ཉིན་རེ་བཞིན་རིམ་གྱིས་བརྙེས་པའི་དུས་ཆེན་དང་བསྟུན་མྱོང་གྲོལ་བདུད་རྩི་རིལ་བུའི་སྒྲུབ་པ་རྣམས་གྲོལ་རྗེས། ཁལ་ཁ་ཆོས་རྗེ་ངག་དབང་ལྷུན་གྲུབ་དར་རྒྱས་སྒྱི་ཆུ་བླ་མ་ཁལ་ཁ་ཚེ་བརྟན་རྒྱལ་མཚན། ཞྭ་ལུ་བ་དང་གྲངས་ཆེན་དཔོན་སློབ་བཅུ་ཕྲག་གཉིས་རྒལ་བ་སོགས་ལ། གསེར་ཆོས་དམར་ཆེན་སྐོར་གསུམ། དམར་ཆུང་སྐོར་གསུམ། མགོན་