R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༣༧
[A:༡༣༧]མཐུ་ལས་ལས་བཞི་ཅི་སྒྲུབ་ཀྱང་ཡི་དམ་ཆོས་སྲུང་གི་བྱིན་རླབས་འཇུག་ངེས་པར་རང་ཡོད་རུང༌། དྲག་ལས་སོགས་ནི་ཆེར་མ་མགྱིས་ཤིང༌། གལ་ཏེ་རྡོ་རྗེ་འཆང་གི་རྒྱུད་སྡེ་ནས་བཤད་པ་ཉམས་སུ་ལེན་དགོས་པ་ཞིག་ཡིན་ནའང་མཐར་རྡུགས་པའི་གྲས་ནི་མིན་ནོ། །ཞེས་ཡང་ཡང་གསུང་ལས་ཐོས་པར་གྲགས་སོ། །གཞིས་རྩེ་ཕྱོགས་ནས་ངོར་དུ་ཆིབས་བསྒྱུར་གྱི་སྐབས་དཔའ་རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་སུ་རྫོགས་པ་ཞིག་གཟིགས་ཤིང༌། ཐར་རྩེ་ཕེབས་འཕྲལ་ཐར་རྩེ་རྡོ་རྗེ་འཆང་གི་གསུང་ལས། དེ་རིང་སྐུ་ཞབས་རིན་པོ་ཆེ་ལ་ལས་གཤིན་གསུམ་གྱི་རྗེས་གནང་སྦྲེལ་ནས་འབུལ་དགོས་སུ་འདུག་པས་བཀའ་སྒྲུབ་ད་ཅི་ནས་ཚར་ཟིན་པས། གསོལ་སྟོན་གྲོལ་འཕྲལ་འབུལ་ལོ། །ཞེས་བསྩལ་བའི་ངོ་མཚར་ཕན་ཚུན་འགྲན་རེས་ནི་སྔོན་གྱི་དུས་སུ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་དང་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་སོགས་འཁྲུལ་ཟད་གོང་མའི་རྣམ་ཐར་དང་མཚུངས་ཤིང༌། གཞན་དུ་དེ་སྐབས་རྣམས་སུ་སྐུ་གེགས་ཀྱི་རྣམ་པ་ཉམ་ང་བ་དེ་དག་ཁྲོ་རྒྱལ་མ་ཧེའི་ཞལ་ཅན་གྱི་སྒོ་ནས་ངལ་བ་འབྲས་མེད་དུ་མཛད་པ་ནི་གོར་མ་ཆག་གོ །ལོ་དེའི་གྲོ་བཞིན་གྲང་ཆེན་སྐུ་རིམ་པ་རྣམས་ལ་ཁྲོ་བཅུའི་རྗེས་གནང་དང་གཏོར་བཟློག་གི་ལྗགས་ལུང་བཅས་དང༌། གསང་འདུས་སྒྲུབ་མཆོད་དང་བསྟུན་དབང་ཚར་ཁ་ཤས་སྐལ་ལྡན་རྣམས་ལ་སྩོལ། མཛོད་འཛིན་རྒྱལ་མཚན་རིན་ཆེན་དུས་ལས་ཡོལ་བར་བྱང་བུ་ལམ་སྟོན་གྱིས་མཚོན་རྗེས་འཛིན་གྱི་བགྱི་བ་རྣམས་ཡང་དག་པར་མཛད། མི་རིང་བར་མཛོད་འཛིན་ཤེས་རབ་