R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༣༦
[A:༡༣༦]ཚེ་གདན་སའི་ལུགས་ཟུང་གི་ཐུགས་ཁུར་རྣམས་གང་དང་ཞལ་མི་གཉིས་པའི་འཇམ་མགོན་མཐུ་སྟོབས་དབང་ཕྱུག་ཉིད་ཀྱིས་བཞེས་ཤིང༌། རྗེ་ཉིད་དབང་ཕྱོགས་སུ་ཆིགས་བསྒྱུར་གྱིས་སྐྱེར་ཁ་ཚལ་ཞེས་པར་བཞུགས་སྟན་འཇགས་ཏེ། ངོ་མཚར་མཁས་གྲུབ་ཀྱི་མཛད་པར་གཞན་དྲིང་མི་འཇོག་པས་དུས་འདའ་བར་མཛད་དོ། །དེ་ལོ་གཞིས་རྩེར་ཆར་དཀོན་པོ་ཞིག་བྱུང་བའི་རྐྱེན་དང་བསྙད་ཀྱིས་འཚོལ་བའི་ཡང་ཕྱིར་སྟེ་རྗེ་ཉིད་ལ་ཆར་འབེབས་དགོས་ཚུལ་གསོལ་བ་བཞིན། མཛད་མ་ཐག་ལུང་པ་ཆུས་གང་བའི་དྲག་ཆར་ཞིག་འབེབས་པར་མཛད་པས་འདོད་རྒྱལ་གྱི་སྒྲར་བཤོས་ཀྱི་མིང་ལ་པག་ཏུ་འབོད་པ་བཞིན་སྐྱེ་བོ་ཀུན་གྱིས་ད་གཟོད་ས་སྐྱ་བདག་ཆེན་རིན་པོ་ཆེས་པག་བྱིན་སོང་ཞེས་གླེང་བ་དང་ལྷན་ཅིག་དད་མོས་དང་དགའ་མགུ་ལྷག་པར་ཆེ་བའི་དཔལ་ལ་འགོད་པར་མཛད། དེ་ནས་རིན་རྩེར་ཕེབས་སྐབས་ཚེ་དབང་ཞིག་དང་གུར་ཁྲོ་བཅུའི་རྗེས་གནང་ཞིག་དབང་དཱ་ལ་ནས་ཞུས་བསྩལ་མཛད། གནས་དེར་ཕ་བོང་ཆེན་མོ་ཞིག་མཆིས་པ་དེ་མེད་པ་མཛད་དགོས་ཚུལ་གསོལ་བ་བཞིན། མཚན་གང་ཞིག་ལ་ཕ་བོང་དེ་ལྷག་མ་ཙམ་ལས་མི་སྣང་བའི་རྫུ་འཕྲུལ་འགའ་ཞིག་སྟོན་པར་མཛད་ཅེས་རྒན་ཐོག་འགའ་ཞིག་གིས་གླེང་བ་ཐོས། དགོས་གལ་ཆེ་དུས་རྫུ་འཕྲུལ་གྱི་བཀོད་པར་རྡུགས་པའི་གྲས་ནི་དེ་ཉིད་ནམ་ཡང་མིན་པས་རྗེ་རྡོ་རྗེ་འཆང་ཉིད་ཀྱི་གསུང་ལས་ཀྱང༌། ཁོ་བོ་ནི་བླ་མ་གོང་མ་རྡོ་རྗེ་འཆང་ཞལ་མི་གཉིས་པ་མང་པོས་རྗེས་སུ་བཟུང༌། བསྙེན་སྒྲུབ་ལས་གསུམ་མཐའ་དག་རང་ཡིད་ཆེས་ངེས་བགྱིས་པའི་