R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༤༥
[A:༡༤༥]ཕེབས་ཏེ་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་ཕྱིར་ལྷ་ཁང་རྩེ་མགོན་ཁང་དུ་གསུང་ཉིན་གསུམ་མ་ཞིག་མཛད་རྗེས། འཆར་འཕར་གྱི་བསྟན་དོན་མཛད་སྒོ་རྣམས་རྗེ་བཙུན་གོང་མ་རྣམས་ཀྱི་ཐུགས་བསྐྱེད་ལས་མི་འགོང་བར་མཛད་དེ། དབྱུག་ཟླར་གུར་གྲྭ་བརྒྱད་ལ་རྟ་མགྲིན་ཡང་གསང་གི་དབང་དང༌། ལྷ་བརྒྱད། ཞལ། དུར་བདག པུ་ཏྲ་བྲན་བདུད། དཀར་བདུད་ཁྲོ་བཅུ་རྣམས་ཀྱི་རྗེས་གནང་དང་ལུང་འགའ་ཞིག་བཅས་ལེགས་པར་བསྩལ་ནས། མགོ་ཟླའི་ཉེར་དགུར་གཏོར་བཟློག་གྲུབ་འཕྲལ་དབུ་རྩེ་རྙིང་མར་བདུན་ཕྲག་གཅིག་བླ་མ་གོང་མ་རྣམས་ཀྱི་ཕྱག་བཞེས་དང་མཐུན་པར་ཐུགས་སྒྲུབ་མཛད་དེ། མགོ་ཟླའི་ཕྱི་མའི་ཡར་ཚེས་བརྒྱད་ལ་སྒོ་རུམ་གཟིམ་སྤྱིལ་དཀར་པོའི་མགོན་ཁང་སྟེང་འཛུགས་ཆོག་རྒྱས་པ་གནང་བའི་མགོ་གཟུངས་ཞུགས་གཤོམ་ཚུལ་ནས་མཇུག་འཛུགས་ཆོག་གི་བར་ཚང་མ་རྗེ་བཙུན་གོང་མའི་ཡིག་ཆ་གུང་བསྒྲིགས་ཀྱི་ཐོག ཡང་དག་པའི་ལམ་ནས་འདྲེན་པར་མཛད་སྐབས་བསྟན་སྲུང་དགྱེས་པའི་མཚན་མའང་གསལ་བར་འཁྲུངས་ཤིང༌། བཅུ་དྲུག་ནས་བདུན་ཕྲག་གཅིག་ལྗགས་བསྙེན་སྔོན་འགྲོའི་བཅོམ་ལྡན་འདས་སྙིང་པོ་ཀྱཻ་རྡོ་རྗེ་མན་ངག་ལུགས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་མཛད་པའི་བར་རྣམས་སུ་བན་ཚང་པ་འགའ་ཞིག་ལ་ཞལ་དཀར་པོ་ཚེ་འཕེལ་དང༌། གང་གི་ཨ་ལྕེ་དྲུང་ལ་བཅུ་གཅིག་ཞལ་གྱི་རྗེས་གནང་དང་འབྲེལ་པར་རྗེ་ཉིད་ཀྱི་གསུང་རྩོམ་བསྙེན་ཡིག་གི་ལུང་དང༌། ངོར་པ་འགའ་ཞིག་ལ་སྒྲ་མི་སྙན་གྱི་ཚེ་དབང་རྣམས་གནང༌།