R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༤༧
[A:༡༤༧]སྲེག་སོགས་གྲུབ་ནས་ཞལ་རྒྱས། ཆུ་སྟོད་ཟླ་ནང་འཇམ་མགོན་གཅུང་རིན་པོ་ཆེ། རིགས་བདག་ཐར་རྩེ་ཟུང་དང་ཁྲུམས་ཟླའི་གསང་འདུས་སྒྲུབ་མཆོད་དང་བསྟུན་དེའི་དབང་བཀའ་སོགས་མང་དུ་གནང་ནས། དབྱུག་ཟླའི་ཚེས་གཉིས་ནས་ལམ་གཏོར་དང༌། དྲུག་ལ་གདན་ས་འོག་རྩེ་གདོང་གི་ཕྱོགས་ལ་ཆིབས་བསྐྱོད་དེ་བཅུ་གཅིག་ལ་རྩེ་གདོང་དུ་ཕེབས་ནས་ཞག་གཉིས་ལྕང་ཅན་མགོན་ཁང་དུ་ཕྲིན་འཆོལ་ཟབ་རྒྱས་ཀྱིས་བཅུ་བཞི་པ་མཆོད་ཐོག་གདན་ས་དེ་ཉིད་དུ་ཕུར་པ་སྒྲུབ་མཆོད་གསར་འཛུགས་མཛད། གཟའ་སྐར་སོགས་གཟིགས་ཡུལ་དུ་མ་གྱུར་ཀྱང་འགྲུབ་སྦྱོར་རང་འགྲིག གྲོལ་ཉིན་ཉེར་བདུན་ལའང་འགྲུབ་སྦྱོར་རང་འགྲིག་བཅས་རྗེ་རྡོ་རྗེ་འཆང་ཉིད་ཀྱི་ཐུགས་བསྐྱེད་དང༌། ཡུལ་ཕྱོགས་དེའི་བདེ་སྐྱིད་བླ་ནར་འཕེལ་བའི་བསླུ་མེད་རྟེན་འབྲེལ་གྱི་འཇུག་སྒོ་བཟང་པོར་གྲུབ་ཅིང༌། དེའི་ཚེ་ཉིད་ནས་རྡོ་རྗེ་སློབ་དཔོན་གྱི་ཁུར་བཞེས་ཐོག་གྲྭ་སུམ་ཅུ་སྐོར་གྱིས་སྦྱོར་དངོས་རྗེས་གཙང་ཐག་པ་ཁུར་བླངས་སུ་མཛད་པའི་རྒྱུན་ད་ལྟའང་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པ་འདི་བཞིན་དང༌། འཆམ་ཆས་སོགས་མཁོ་དགུའི་ཡོ་བྱད། མཆོད་པ་བསྙེན་བཀུར། འཛུགས་སྟོན་སོགས་གྱ་ནོམ་པ་རྒྱ་ཆེ་མུ་མེད་དུ་མཛད་ནས། ཟླ་མཇུག་དུས་གཏོར་དང༌། ཚེས་གཅིག་ལ་གྱེ་རེ་མདོ་མཆོད་གཞིས་ཀར་གཏོར་སྤོད་རྫོང་རི་གནས་གཟིགས་སོགས་དང༌། བཞིའི་སྔ་དྲོ་དོར་འབུལ་སྡུད་བླ་རྙིང་སོགས་ལ་མཁའ་སྤྱོད་མའི་བྱིན་རླབས་དང༌། ལྕང་ཅན་མགོན་ཁང་ཉམས་གསོ་གསར་བསྐྲུན་ལྟར་དུ་མཛད། དྲུག་ལ་བདུད་འདུལ་མགོན་ཁང་