R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༤༨
[A:༡༤༨]གཏོར་སྤོད་དང་ཆབས་ཅིག་ཞལ་བཞི་ཡུམ་ཆེན་སྲིང་མོ་བཞི་དང་བཅས་དངོས་སུ་བཞུགས་པའི་སྤྲུལ་པའི་གཡག་རྭ་ལྔ་སོགས་མགོན་ཁང་སྟེང་དུ་གདན་འདྲེན་གྱིས་མཚན་ཡང་བསིལ་ཚལ་མགོན་ཁང་དུ་མངའ་གསོལ། དེ་དང་ལྷུན་རྩེའི་གཏོར་སྤོད་སོགས་གྲོལ་ནས། རང་ཕྱོགས་བུ་ཆེན་པ་དང་བསྙེན་གནས་མ་ཆོས་སྡེ་པ་བཅས་ལ། དབང་རྗེས་གནང་ལུང་ལ་སོགས་པའི་ཆོས་བཀའ་རྒྱ་ཆེ་བ་བསྩལ་ཏེ། དེ་ནས་རིམ་ཕེབས་ཀྱིས་ངོར་ཨེ་ཝཾ་ཆོས་ལྡན་འདུས་ཚོགས། བླ་ཁག་ཞབས་དྲུང༌། རིགས་བདག་ཐར་རྩེ་ཁུ་དབོན། རྗེ་སངས་རྒྱས་ཡེ་ཤེས་དཔོན་སྐུ་མཆེད་སོགས་ལའང་མཁའ་སྤྱོད་བྱིན་རླབས་དབང་ལུང་དུ་མ་བསྩལ་ཞིང༌། དེ་སྐབས་ཐར་རྩེ་རྡོ་རྗེ་འཆང་ནས་སྔོན་དུ་གཅེན་ལུང་ལ་ཕེབས་སྐབས། ཐམས་ཅད་མཁྱེན་པ་དཔལ་མཆོག་རྒྱལ་མཚན་གྱི་ཡབ་གཞིས་མཁས་སྔ་ལྷོ་པ་ཟེར་བ་ཞིག་གི་ནང་དུ་བཞུགས་དུས་རྗེ་དེའི་ཕྱག་རོལ་གུར་མགོན་འདི་ཉིད་གཟིགས་པས། དེ་དུས་ཐར་རྩེ་རྗེས་ཕྱག་རོལ་དེ་གདན་སར་ཕྱག་འབྱོར་ཡོང་བའི་ཕྲིན་འཆོལ་མཛད་པ་དུས་སུ་སྨིན་ཏེ། མཁས་སྔ་ལྷོ་པས་ཐར་རྩེ་ཁྱེར་ཏེ་འདི་སྤུས་བསྒྱུར་མཛད་དགོས་ཞུས་པ་བཞིན། ཐར་རྩེ་རྡོ་རྗེ་འཆང་དགེས་པའི་གསུང་གིས་གོང་གི་ལོ་རྒྱུས་དང་བཅས་རྗེ་རྡོ་རྗེ་འཆང་ཉིད་ལ་ཕུལ་བ་ད་ལྟའང་དཔལ་ལྡན་ས་སྐྱའི་ཕྱག་རོལ་དྲག་གྲས་གུར་མགོན་ལྷ་དགར་གྲགས་པ་འདི་ལགས། གཞན་ཡང་རྗེ་དེ་ཉིད་ཀྱི་ཕྱག་བབས་སྒྲ་དབྱངས་སྙན་གྲགས་སོགས་རོལ་ཆ་མང་དག་མཆིས་སོ། །དེའི་ཚེ་བླ་བྲང་སོ་སོ་ནས་ལེགས་འབུལ་དག་སྤྱི་བྱེའི་བློ་ཁམས་