[A:༡༤༩]དང་འཚམས་པའི་མཛད་པ་རྣམས་གྲུབ་རྗེས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཕེབས་གདོང་རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྒོ་འཕར་གཅིག་ཏུ་ཕྱེ་སྟེ། འཕགས་ཆེན་གོང་མའི་སྤྱོད་ཚུལ་མཐའ་དག་བདག་གིར་བཞེས་པ་བླ་མ་ཞི་བ་ལྷ་ཉིད་ཐུགས་བསྐྱེད་ཀུན་བཟང་སྨོན་ལམ་ཅན་གྱིས་ཉེ་བར་དྲངས་ཏེ། དངོས་འབུལ་གྱི་བདོག་པ་གྱ་ནོམ་པ་དང་བཅས་ཞབས་པད་ག་ལ་བར་བསྙེགས་པའི་དགེ་མཚན་གསེར་ཞལ་ལ་ལོངས་སྤྱོད་པའི་སྐབས་ཐུགས་བཞེད་ཀྱི་ཆོས་སྒོ་དབྱེ་བར་མཛད་པ་ལ་གཙོ་བོ་རྡོ་རྗེ་ཕུར་པའི་སྟོད་ལས་ཀྱི། སྨད་ལས་དྲག་པོ་སྒྲོལ་དབང་དེ་དང་འབྲེལ་བའི་རྒྱུད་རྒྱ་གཞུང་སྒྲུབ་དཀྱིལ་བོད་གཞུང་རྗེ་ཉིད་དང་བླ་མ་གོང་མས་མཛད་སྐོར། གསུང་ངག་རྡོ་རྗེའི་ཚིག་རྐང་སོགས་ཞལ་སློབ་མཆོག་གི་ཐུགས་ཀྱི་བུམ་བཟང་རེ་བའི་བཅུད་ཀྱིས་གཏམས་པར་གྱུར་ཅིང༌། དེའི་ཟླ་མཇུག་ཞལ་གྱི་བསྙེན་མཚམས་སྔོན་འགྲོའི་གཏོར་བཟློག་ཟོར་འཛིན་མཛད་དུས་ཀྱང་དངོས་ཉམས་གྱི་མཚན་མ་བཟང་པོ་འཁྲུངས་ཤིང༌། དེ་ནས་ཉི་ཤར་བ། ན་རི་རྫོང་ཆུང་བ། དཔལ་ལྡན་ཆོས་སྐྱོང་གི་དབོན་པོ། རྒྱ་དཔོན། རབ་གླིང་བླ་མ། མེས་སྲོང་རྒན་གཞོན། ཞྭ་ལུ་ཉི་ཤར་བླ་མ་རྣམས་ལ་རིམ་བཞིན་སོ་སོར་འདོད་ཆོས་རྒྱ་ཆེར་བསྩལ་བ་སོགས་ཏེ་མདོར་ན་བསྟན་པའི་བྱ་བ་ཐོས་བསམ་སྒོམ་གསུམ་དང༌། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱིས་རྣམ་པ་ཐམས་ཅད་དུ་དུས་འདའ་བར་མཛད་པས། དགུང་གྲངས་བཅུ་གཉིས་ནས་ཉེར་གསུམ་འདིའི་བར་དུའང་ཀྱཻ་རྡོར་རྒྱུ་དབང་ཚར་ལྔ་བཅུ་ང་གྲངས། ལམ་