[A:༡༥༠]དབང་ཉི་ཤུ་ལྷག་ཙམ། བདེ་མཆོག་ནག་པོ་པའི་དབང་བཅུ་ལྷག གསང་འདུས་མི་བསྐྱོད་པ་བདུན་ཙམ། བདག་མེད་མ་དྲུག ཕུར་པའི་སྟོད་ལས་བཅུ། སྨད་ལས་བཞི། མཁའ་སྤྱོད་མའི་བྱིན་རླབས་ཉི་ཤུར་ཉེ་བ། ཀུན་རིག་དང་ཚེ་དཔག་མེད་ང་དྲུག་དང༌། རྗེས་གནང་ལྗགས་ལུང་སོགས་ནི་བགྲང་བ་ལས་འདས་པ་ཞིག་བཀའ་དྲིན་ཆེ། གོང་ལོ་ཁམས་སོ་སོར་འཁོད་པ་ལྟར་དང༌། གཞན་ཡང་རྗེ་རྡོ་རྗེ་འཆང་ཉིད་ཀྱི་ཐུགས་ཉམས་སུ་ཉིན་ཞག་ཕྲུག་རེར་སྒོམ་སྒྲུབ་ཆག་མེད་ཀྱང་ཉི་ཤུ་རྩ་བདུན་ཙམ་རེ་བཞེས་པར་མཛད་པ་སྟེ། དེ་དག་ཀྱང་རྗེ་ཉིད་ཀྱི་གསུང་ལས། སྣང་སྲིད་སྒྱུ་མར་ཤེས་པའི་ཀུན་བློ་ཡིས། ཞེས་གསུངས་པ་བཞིན་སྣང་སྲིད་སྒྱུ་མར་རྟོགས་ཏེ་སྤང་གཉེན་རོ་གཅིག་ཁྱབ་བདག་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་བརྙེས་སུ་ཟིན་ཀྱང༌། གདུལ་བྱ་རྣམས་ལ་དོན་འདི་དག་ལེགས་པར་གདམས་ཏེ་བསྟན་མཁས་ཀྱི་བགྱི་བ་ལ་དུས་རྟག་ཏུ་གཞོལ་བའི་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་བོ།།
དགུང་གྲངས་ཉེར་བཞི་པ་ཆུ་སྤྲེལ་གསར་འཕྲལ་བཞུགས་ཐབས་ལྷོར་སྤོས་གནང་དང༌། དེ་ལོ་མུས་ཆེན་བསོད་ནམས་དཔལ་བཟང་དང༌། ཞལ་དཀར་ངག་དབང་ལགས་ལ་བཀའ་འདོམས་བཞིན་གུར་གྱི་མགོན་པོའི་ལས་སྦྱོར་ཐུན་མོང་མ་ཡིན་པ་དང༌། ཚོགས་བདག་འགབ་འདྲེ་བསེ་གདོང་ཅན་ཡང་གནོན་པར་མཛད། ནག་ཟླའི་ནང་རྗེ་རྡོ་རྗེ་འཆང་སྐུ་མཆེད་ནས་བྲག་རྫོང་མའི་ལས་ཚོགས་ཤྭ་བཟློག་རྒྱ་ཆེར་སྒྲུབ་པར་མཛད་ནས། ས་གར་ཐར་