[A:༡༥༡]རྩེ་རྗེའི་སྐུ་རིམ་དུ་དྲུག་ཅུ་པ་ཞིག་གནང་སྐབས་གནས་གསར་རྡོ་རྗེ་འཆང་ཡང་ས་སྐྱར་བྱོན་ཞིང་འདི་ལོ་གནས་གསར་རྗེར་གོང་དུ་བསྟན་པ་བཞིན་གསང་སྔགས་གསར་རྙིང་གི་ཆོས་སྐོར་གྱི་གཙོ་བོ་དམར་པོ་སྐོར་གསུམ་དང༌། གུར་མགོན་གྱི་ཕྱི་ནང་གསང་གི་ཉམས་ཁྲིད་རྗེས་གནང་ལུང་སོགས་གསན་སྐབས་གནལ་ལམ་འོད་གསལ་གྱི་ངང་དུ་བཀའ་རྩོམ་འདི་ལྟར་ཡང་མཛད་དོ། །ཁའུ་བྲག་རྫོང་ནག་པོའི་རི་ཁྲོད་དུ། །ཟབ་དོན་དུ་མའི་འབྱུང་གནས་ཆོས་ཀྱི་རྗེ། །ས་ལོ་འཇམ་པའི་རྡོ་རྗེ་རྡོ་རིང་པར། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱི་རློབས། །ཞེས་གསུངས་པ་འདི་འདྲའི་རིགས་གཞན་ཡང་རྗེ་ཉིད་ལ་མང་དུ་འཁྲུངས་ཀྱང་གསང་འོས་འགའ་ཞིག་ནི་འོད་གསལ་དེ་ལས་བཞེངས་ནས་ཐུགས་དྲན་ཆེར་མི་གསལ་བའི་ཚུལ་མཛད་ལགས། དེ་མཚམས་ནས་གཞི་ཚོམས་དམར་སྟེང་འོག་དངོས་གྲུབ་གླིང་སོགས་ཀྱི་ཉམས་གསོ་གསར་བསྐྲུན་ལྟ་བུ་དང་སྔགས་དུས་ཀྱི་འབུར་སྐུ་རྣམས་གཟུངས་ཞུགས་སུ་མཛད་དེ། དཀར་བདུད་ལྕམ་དྲལ་གྱི་སྣང་བརྙན་བྱིན་རླབས་ཀྱི་གཟི་བརྒྱ་འབར་པ་འདི་དག་གསར་བསྐྲུན་མཛད་སྐབས་དང༌། དེའི་ཚེ་འཇམ་མགོན་གནས་གསར་བར་སྒེར་པའི་སྲས་མོ་གང་གི་གཅུང་དམ་པའི་རིག་མར་འོས་ཚུལ་མཛད་པ་བཞིན། མཛོད་པ་སོགས་ཚང་མ་བཀའ་གྲོས་མཐུན་པར་ཐག་ཆོད། དེའི་སྔོན་དང་ཆུ་སྟོད་ཟླ་ནང་སོགས་ལ་རྗེས་གནས་གསར་བ། མུས་ཆེན་བསོད་ནམས་དཔལ་བཟང་སོགས་ལ་ཨ་མེས་ཞབས་ཁུ་དཔོན་གྱི་རྣམ་ཐར་ལྗགས་ལུང༌། ཕུར་སྒྲུབ་དང་བསྟུན་ཕུར་དབང་ཚར་གཉིས།