R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༥༢
[A:༡༥༢]གཞན་དད་ལྡན་མང་པོར་གསང་འདུས་ལུགས་གཉིས་དབང་སོགས་མང་དུ་གནང༌། དབྱུག་ཟླའི་ནང་གོང་སྐུ་རྣམས་ལ་རྗེ་རྡོ་རྗེ་འཆང་སྐུ་མཆེད་ནས་རབ་གནས་འབྲིང་པོ་དང༌། རྒྱལ་བ་རྡོ་རྗེ་ཕུར་པའི་སྒོ་ནས་མཛད་གོང་དུ་ཨ་ཎི་དྲུང་སྐུ་ཁམས་ཉོག་མུར་ཡང་ཡང་སྐུ་གམ་དུ་ཕེབས་ཏེ་བཀའ་མོལ་ཞིབ་གླེང་མཛད་རྗེ་སྐུ་མཆེད་གུར་དྲག་ཀྱི་ལྗགས་བསྙེན་ལ་བདུན་གཅིག་བཞུགས་སྐབས་ཉེར་དགུ་ཨ་ཎི་དྲུང་ཀུན་དགའ་བསྟན་པའི་ཉི་མ་ཞིང་བརྗེས་པ་ཞབས་རྗེས་རྣམས་བཀའ་སྡོམ་མཐིལ་ཕྱིན་བསྩལ་ཏེ། གུར་དྲག་སྦྱིན་སྲེག་དང་སྨིན་ཟླའི་ཚེས་མགོར་བདག་མོ་བསུ་བའི་སྔོན་འགྲོ་ཕྲིན་འཆོལ་སྐབས་སྐྱེད་ལྷས་སུ་རྟག་གཏོར་འཛུགས་གནང་གིས་རྗེ་བཙུན་ས་སྐྱ་པའི་གདུང་རྒྱུད་རིན་པོ་ཆེ་ཆད་མེད་མྱུར་བྱོན་གྱི་ཆེད་དུ་ཞག་ཤས་ཕྲིན་འཆོལ་ལ་གཞོལ། ཐོ་རེངས་ཞིག་ལ་རྗེ་ཉིད་ཀྱི་ཞབས་སྤྱོད་ཁུང་ལ་ཤོར་བའི་རྐྱེན་གྱིས་ཞབས་ལྷམ་ཡུ་བ་སྒྲོག་བཅས་གཡམ་རྣོན་གྱིས་ཐལ་བུབས་ཏེ། ཞབས་པུས་གཡས་ཀྱི་འོག་ཙམ་དུ་སྐུ་རུས་མཐོང་ཚོད་ཀྱི་རྨ་བྱུང་ཡང་ཞག་ཤས་ནས་རང་སྐམ་ལ་སོང་བ་ནི་ངོ་མཚར་གྱི་མཛད་པ་འཕྱང་མོ་ཉུག་དང་བྲལ་བའོ། །དེའི་ཚེ་འོད་གསལ་དུ་སླར་འབྱུང་གི་མཚན་མ་འདི་ལྟར་འཁྲུངས་ཏེ། མགོན་ཁང་དེ་སྔར་ལས་རྒྱ་ཆེ་ཞིང་བླ་བྲེ་ཡོལ་བ་སོགས་བཀོད་པ་ཕུན་སུམ་ཚོགས་པས་བརྒྱན་པའི་ནང་ཁའུ་པའི་སྐུ་འདི་ན་བཟའ་དར་ཚོན་གཟབ་མ་བཅས་བཞུགས་ཁྱིམ་ནས་ཕྱིར་ཅུང་ཟད་འཐོན་པའི་ཞལ་འཛུམ་གསུང་འབྱོན་ལ་ཁད་ཡོད་པའི་དྲུང༌། བུད་མེད་རྒན་མོ་ཞིག་གིས་ལྕགས་ཕུར་གསེར་ཚགས་