R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༥༤
[A:༡༥༤]སྩལསྩོལ་བའི་མན་ངག་མཁའ་འགྲོའི་ཞལ་རླངས་ཅན་ཐོག་མར་འཆད་པའི་སྒོ་དབྱེ་བར་མཛད་དོ། །ཞལ་སློབ་གྱི་གཙོ་བོ་འཇམ་མགོན་མཐུ་སྟོབས་དབང་ཕྱུག་གི་དབུ་གཡས་སྐལ་ལྡན་རྣམས་ལ་ཟླ་གསུམ་གྱི་རིང་སྩོལ་བར་མཛད་པའི་ཆོས་ཀྱི་རྣམ་གྲངས་ནི། རྗེ་རྡོ་རྗེ་འཆང་ཉིད་ཀྱི་ལྗགས་རྩོམ་གདུང་རབས་རིན་པོ་ཆེའི་ཞལ་སྐོང་ནང་གསལ་བཞིན་དང༌། སྣྲོན་ཟླའི་ཚེས་ལྔ་ནས་འབུམ་ཐང་གཙུག་ལག་ཁང་རྟེན་བརྟེན་པ་བཅས་ཉམས་གསོ་ས་འབུམ་དངུལ་གདུང་དུ་བསྐྲུན་པ་རིང་བསྲེལ་རྣམ་བཞིས་ཕྱུར་བུར་བཀང༌། ས་རྒྱན་གནམ་རྒྱན་མཆོད་དཔྱད་གདན་རབས་སོགས་ངོ་མཚར་གྱི་བཀོད་འདོམས་བླ་ན་མེད་པའི་མགོ་ཚུགས་པར་མཛད། དེ་མཚམས་ནས་གསོལ་ཐབས་ལྷོར་སྤོ་གནང་གིས་ཆུ་སྟོད་ཟླ་ནང་རྗེ་བཙུན་རིག་བྱེད་ལྷ་མོའི་ཆར་འབེབས་ལ་ཐུགས་གཞོལ་བའི་སྐབས། ཤིང་རྡོ་རྗེ་ཕུག་ན་འཇམ་མགོན་མཐུ་སྟོབས་དབང་ཕྱུག་ཉིད་དེ་སྔོན་ནས་སྐུ་སྙུན་པའི་འཕྲོད་བཞེས་གནང་མུར། རྗེ་ཉིད་ལ་འཕྲལ་དུ་ཕེབས་བརྡ་ཞིག་བྱུང་བར་རྟབ་རྟབ་པོར་བྱོན་པས། སྐུ་རླུང་གི་རྣམ་པ་འདྲ་མོས་དྲན་མེད་དུ་བཞུགས་འདུག་པ་ལ་རྗེ་ཉིད་ནས་ཐབས་སྣ་ཚོགས་ཀྱི་འདུ་ཅི་ཡང་ཞིག་མཛད་པས༌། དར་ཙམ་ནས་ལྗགས་དབུགས་ཀྱི་རྒྱུ་བ་སླེབས་ཙམ་བྱུང་ཞིང་དེ་སྐབས་ཐར་རྩེ་དང་གནས་གསར་རྗེ་གཉིས་ཆར་བཞུགས་པ་ལ་སྐྱབས་འཇུག་ལྗགས་གུལ་གསུང་བརྟག་བཅས་ཞུ་གནང་ལ། གཉིས་ཀའི་གསུང་ལ་འཕྲལ་འཚུབ་ལས་སྐྱོན་མི་ཡོང་གསུང་བ་བཞིན། ཕྱི་དྲོ་ནས་ཐུགས་དམ་མཛད་ཁུལ་དང༌། མི་ངོ་ཆེར་མི་མཁྱེན་ཅིང་གསུང་