[A:༡༥༩]གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་སྒྲུབ་མཆོད་གནང་སྐབས་གློ་བུར་དུ་ད་ནི་གཤེགས་པར་ཉེ་བས་རེ་ཞིག་ཡར་བྱོན་ནས་གསོལ་བ་བཞིན་མཛད་པས་མིའང་མི་མཁྱེན་ཅིང༌། སྤྱན་ཕན་ཚུན་དུ་གཟིགས་ཐུབ་ཙམ་མཆིས་པས་དེ་མ་ཐག་རྗེ་རྡོ་རྗེ་འཆང་ཆེན་པོས་བདུད་རྩི་རིལ་བུ་ཁྲུས་ཆུར་སྦྱར་བ། སངས་རྒྱས་ཀྱི་འཕེལ་གདུང་རིན་པོ་ཆེ་རྣམས་གནང་བས་དར་ཙམ་ནས་ཐུགས་དྲན་གསལ་ཞིང༌། བཅུ་བཞིའི་ཤར་གྱི་སྐྱ་རེས་ཤར་ཙམ་ལ་སྒྲུབ་མཆོད་ཀྱི་ཚོགས་དུང་གསན་མ་ཐག་ཡུམ་ཉིད་ཕྱག་ཐལ་མོ་སྦྱོར་བཞིན་པའི་མུར་དགོངས་པ་ཆོས་དབྱིངས་སུ་ཞུགས་འཕྲལ། གང་གི་ཞལ་ཆེམས་བཞིན་གཟིམ་འོད་ལ་ནས་མཁའ་སྤྱོད་མའི་འཕོ་བ་གསལ་འདེབས་སོགས་དགོངས་ཟབ་རྗོགས་ཐབས་ཀྱི་མཛད་སྒོ་མཐའ་དག་རྗེ་རྡོ་རྗེ་འཛིན་ཉིད་ཀྱི་གསུང་གིས་ལེགས་པར་འདོམས་ནས། དགུན་དུས་ཀྱི་ཚེ་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་དང་ཞལ་རྒྱས་མགོ་ཟླའི་ནང་ཚ་རོང་སྡེ་པ། ཆོས་སྡེ་ལྷོ་བྱང༌། གླིང་ཚང་བླ་མ་དགུན་ཆོས་པ་བསྙེན་མཚམས་པ་སོགས་འགའ་ཞིག་འདོད་ཆོས་དབང་སོགས་བསྩལ། དེ་མཚམས་ནས་ཁམས་ཕྱོགས་ཧོར་ཁང་གསར་དཔོན་གཡོག་བརྒྱ་སྐོར་རྗེ་རྡོ་རྗེ་འཆང་ཉིད་ཀྱི་སྙན་གྲགས་སྒྲ་འཛིན་གྱི་བུ་གར་ལྷུང་བས་དད་པའི་ཡིད་ཀྱི་ཁྱེའུ་དབང་མེད་དུ་ཁུགས་ཏེ་དངོས་འབུལ་རྒྱ་ཆེ་བ་དང་བཅས་མཇལ་ཕྱག་ལ་བཅར་བ་གཞུང་སྣེ་ཤན་བཅས་ལའང་ལུགས་ཟུང་གི་བདག་རྐྱེན་སྤྱི་དང་བྱེ་བྲག་བླ་མ་ཞི་ཁྲོའི་ཚེ་དབང་བསྐུར་བ་བཅས་ལེགས་པར་བསྩལ་ཏོ།།