[A:༡༦༠]དགུང་གྲངས་ཉེར་བདུན་དུ་ཕེབས་པ་ཤིང་ཕག་རྒྱལ་ཟླའི་བཅུ་གཉིས་ལ་རྗེ་རྡོ་རྗེ་འཆང་ཆེན་པོའི་རིགས་བདག་དམ་པ་ལུགས་ཟུང་གཉིས་ཆར་ནས་སྐུ་དྲིན་གཞལ་བར་དཀའ་བ་ཐར་རྩེ་རྡོ་རྗེ་འཆང་ནམ་མཁའ་བསམ་གྲུབ་ཀུན་དགའ་མཚན་དཔེའི་རྒྱལ་མཚན་དཔལ་བཟང་པོ་ཞིང་འདིའི་གདུལ་བྱ་རེ་ཞིག་རྫོགས་པའི་དགོངས་རྗོགས་ཀྱི་རིམ་པ་སྤྱི་དང་བྱེ་བྲག་རྗེ་རྡོ་རྗེ་འཆང་ནས་དངོས་དང་བརྒྱུད་ནས་མཛད་དགོས་རྣམས་ཡང་དག་པར་བཀའ་དྲིན་ཆེ་མཐར། བསམ་ཡས་མཁན་གསར། འདམ་ཐོག་བླ་མ། ལྕགས་ལ་མགྲོན་གཉེར། གཞུང་སྣེ་ཤན་པ། རྩེ་གདོང་འབུལ་སྡུད་བླ་མ་འབྲུག་བླ་སྤྲུལ་སྐུ་སོགས་སྐལ་ལྡན་མང་ལ་འདོད་ཆོས་དབང་བྱིན་རླབས་རྗེས་གནང་ཡང་དག་བསྩལ་ཞིང༌། སྡེ་དགེ་མཁན་རིན་པོ་ཆེ་དཔལ་ལྡན་ཆོས་སྐྱོང་སོགས་བརྒྱ་ཕྲག་བརྒལ་བར་རྟ་མགྲིན་རྗེས་གནང་དང་ཚེ་དབང༌། རྫོང་གསར་བླ་མ་སོགས་ལ་ཕུར་དབང༌། ལྷོ་བྱང་བསྙེན་མཚམས་སར་ལྷ་བརྒྱད་སོགས་ཀྱི་རྗེས་གནང༌། ཚོ་སྒོ་སྐོར་ཆེན་པ་མངའ་ཞབས་དན་ཁྲོད་པ་ཕོ་མོ་དྲུག་བརྒྱ་སྐོར་གྲུབ་རྒྱལ་ཚེ་དབང་ཚར་གཉིས་སོགས་བསྩལ། གཞན་ཡང་རྟ་ཟླའི་ནང་ངོར་ཐར་རྩེའི་འབུལ་སྡུད་པ་དང་སྤྲས་བླ་མ། ཀ་ལེབ་བླ་གསར། དབོ་ཟླའི་ནང་སྡེ་དགེ་གཉེར་པ། ནག་ཟླའི་ནང་དབོན་ལྷ་རྒྱལ་སོགས་མང་པོར་སོ་སོར་འདོད་ཆོས་ཀྱི་རེ་བ་སྐོང་བར་མཛད། དེའི་ཚེ་བཅོ་བརྒྱད་ཐོ་རེངས་སྒོ་རུམ་བླ་མ་ལྷ་ཁང་དུ་འཇམ་མགོན་ས་སྐྱ་པཎྜི་ཏ་སྐུ་གཟི་བརྗིད་དང་ལྡན་ཞིང་ཞལ་འཛུམ་པ་བཅས་དངོས་སུ་གཟིགས་པ་ནས་བཟུང་སྐུ་