[A:༡༦༨]ཉིན་གཏམ་སྙན་བཞུགས་ཁྲིའི་མདུན་གནས་གསར་རྡོ་རྗེ་འཆང་ཉིད་སློབ་ཚོགས་དང་བཅས་ཆིབས་བསུའི་ཇ་གྲལ་ཐོག དབུས་ལྷོ་བྱང་གི་གནས་ཚུལ་ལས་འཕྲོས་པའི་དོན་ཡོད་ཀྱི་དཔལ་མགུར་གྲོལ་བས་གནས་གསར་རྡོ་རྗེ་འཆང་ཉིད་ཐུགས་དགྱེས་རབ་ཀྱི་རྩེར་སོན་ཞིང༌། བཀྲ་ཤིས་ཆོག་མང་སྐབས་མཛད་པའི་གར་འཆམ་སོགས་གཟིགས་ཕུལ། མགོན་ཁང་ཆེན་མོར་ཟླ་མཇུག་དུས་གཏོར་མཛད་སྐབས་བླ་མ་དང་མགོན་པོ་དབྱེར་མེད་ནམ་མཁའི་ཁམས་ཁྱབ་པ་ཞིག་གཟིགས་ཤིང༌། རྗེས་སུ་བཟུང་བའི་བརྡ་ཡང་དག་པ་འཁྲུངས་པ་དང་ཆབས་ཅིག་སྙན་བརྒྱུད་ཀྱི་བསྟན་པ་དར་བའི་འཕྲིན་བཅོལ་གནད་སྨིན་དུ་བཀའ་དྲིན་ཆེ། འཇམ་མགོན་གནས་གསར་བ་ཆེན་པོར་རྗེ་ཉིད་ཀྱི་གསུང་རྩོམ་འགའ་ཞིག་གི་ལྗགས་ལུང་འབུལ་གནང་དང༌། རྐྱེན་སེལ་དུ་གྲུབ་ཐོབ་ཚེ་དབང་ཞིག་ཞུ་བར་མཛད་པ་ནི་དུས་འདིར་ཕན་ཚུན་བཀའ་འབྲེལ་རྗེས་མར་ངེས་ཤིང༌། དེ་ནས་གོང་གི་གཏེར་སྟོན་ལ་ལུང་ཞུའི་གྲས་སུ། བསམ་ཡས་ཆོས་སྐྱོང་སྐུ་ཕེབས་མིན་གྱི་སྐོར་མཆིས་པ་བཞིན། དེ་ལྟའི་ཚིག་རིགས་ཤིག་ལ། འདི་ལ་ལྷ་མི་གཉིས་ཀས་བསྐང་བཤགས་བྱ། ཞེས་གསུངས་འདུག་པ་ལ་འཇམ་མགོན་གནས་གསར་བ་ཆེན་པོ་ནས། ལྷས་མི་ལ་བསྐང་བཤགས་ཇི་ལྟར་བྱེད། ཅེས་ཉམས་ལྡན་གྱི་གསུང་བཅས་བཞད། ཆོས་སྡེ་ནས་ཕེབས་ཉེར། ཕྱི་ནང་གསང་བའི་བཀའ་འདོམས་རྣམས་ཞིབ་རྒྱས་སུ་བསྩལ་ནས་སྲི་གཅོད་འབུམ་པར་ཕེབས་སྐྱེལ་བཀའ་དྲིན་ཆེ་སྟེ། སྐུ་གསུང་ཐུགས་དགྱེས་པའི་རྣམ་རོལ་དུ་བཞུགས་ཤིང༌། ཁ་བཏགས་ཀྱི་གཡབ་