[A:༡༧༢]སྐྱར་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་བཀྲ་ཤིས་དང་དགེ་ལེགས་ཀྱི་དགའ་སྟོན་གཏང་རག་སོགས་ཀྱིས་དུས་འདའ་བའི་སྐབས་སོ། །ས་ག་ཟླ་ནང་རྗེ་རྡོ་རྗེ་འཆང་ཉིད་ཀྱི་ཐུགས་བསྐྱེད་རླབས་པོ་ཆེས་ཇི་སྲིད་བསྐལ་པའི་བར་དུ་ཞལ་གྱི་དམ་ཚིག་བསྐང་གསོ་གསར་འཛུགས་མཛད་དེ། དེའི་ཚོགས་དབུར་རྗེ་རྡོ་རྗེ་འཆང་སྐུ་མཆེད་ཞལ་རྒྱས་སུ་ཕེབས་ཤིང༌། ཚུགས་གོང་གཙོ་གཏོར་བདུན་རྒྱབ་བྱེ་ནས་བཞག་ཅིང་གཏོར་དར་མཆོད་མེའི་ཁར་ལྷུང་གྲབས་ཀྱིས་མེ་ཉེན་ཆེ་ཙམ་བྱུང་བ་སོགས་ནི། ལོ་དེའི་སྟོན་བདག་མོས་དབུས་ལ་ཕེབས་པ་དང་ཕྱི་ལོ་འཇམ་མགོན་མཐུ་སྟོབས་དབང་ཕྱུག་ཉིད་ཞལ་མི་བཞུགས་པའི་སྔ་ལྟས་སུ་ངོས་འཛིན་མཛད། སྣྲོན་ཟླའི་མཇུག་ནས་ཆུ་སྟོད་ཟླ་མཇུག་བར་རྗེ་ཉིད་ཚེ་དཔག་མེད་ལྷ་དགུའི་ལྗགས་བསྙེན་སྦྱིན་སྲེག་བཅས་བཀའ་དྲིན་ཆེ་སྐབས་འཇམ་མགོན་གཅུང་དམ་པ་ཉིད་ཚོགས་དབུར་ཕེབས་མུ་ཡིན་པ་བཞིན། བདེ་མཆོག་སྒྲུབ་མཆོད་དུས་དེ་གྲས་ཀྱི་གྲྭ་གཞོན་ཞིག་ཕྱོགས་ལ་འཁྱར་བ་སོགས་ངན་ལྟས་བསྟུད་མར་བྱུང་ཚུལ་གསུངས་པ་དང༌། དེ་ཙམ་ནས་གོང་དཀར་རྣམ་གྲོལ་ཆོས་དབང་རྒྱ་མཚོར་གདན་སར་ཕེབས་ནས་བཀའ་ཆོས་འགོ་ཚུགས་པ་དང༌། གྲོ་བཞིན་ཙམ་ནས་བཟུང་བདག་མོས་དབུས་ལ་ཕེབས་རྩིས་མཛད་མུ་དང༌། ཕུར་སྒྲུབ་ཐོག་ཕུར་དབང་ཚར་འགའ་ཞིག་བསྩལ་རྗེས་ཁྲུམས་ཟླ་ནས་ཀླུ་ལྡིང་ཞབས་དྲུང་མི་འགྱུར་རྒྱལ་མཚན། རྗེ་དྲུང་ངག་དབང༌། ཡོན་ཏན་རྒྱ་མཚོ་སོགས་ལ་སྒྲུབ་ཐབས་རྒྱ་མཚོ་ཇོ་ལུགས་དང་ཉི་སྦས་སྒྲོལ་མ་ཉེར་གཅིག་རྣམ་སྲས་རིགས་ཆེན་བཅོ་ལྔ་རྣམས་