[A:༡༧༡]སོགས་མདོར་ན་རབ་གནས་ལ་ཤིས་པའི་རྟེན་འབྲེལ་མཐའ་དག་མ་བསྒྲིགས་ལྷུན་གྲུབ་ཏུ་འགྲིག་པའི་རྟེན་ཁྱད་པར་ཅན་འདི་ས་སྐྱ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་དཔལ་ལྡན་ས་སྐྱའི་སྡེ་བསྟན་པ་གདུང་རྒྱུད་དང་བཅས་པའི་འཐས་སུ། ཁྱད་འཕགས་གཙུག་ལག་ཁང་གི་རྟེན་གྲས་སུ་བཞུགས་སུ་གསོལ་བ་འདི་བཞིན་ཇི་སྲིད་བསྟན་པ་རིན་པོ་ཆེ་ནམ་གནས་ཀྱི་བར་དེ་སྲིད་དུ་བཞུགས་པའི་འཕྲིན་ལས་མགོན་པོ་ཆེ་ཆུང་ལྕམ་དྲལ་འཁོར་དང་བཅས་པས་མཛོད། ཅེས་གསུངས་པ་དེ་བཞིན། ད་ལྟ་ཡབ་རྗེ་པདྨ་བདུད་འདུལ་དབང་ཕྱུག་གི་གདུང་རྟེན་ནང་གཟུངས་སུ་བཞུགས་སྐད་དང༌། ཡང་དེ་ལོ་ཚེ་སྒྲུབ་སློབ་དཔོན་ཚ་བོ་བློ་བཟང་དོན་ལྡན་གྱིས་ཕུལ་བའི་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་ཕྱག་ཆའི་གྲས་ལྗོན་དམར་ལས་གྲུབ་པའི་གར་བླུགས་ཀྱང་གཙུག་ལག་ཁང་དེར་སྦྱོར་བར་མཛད་ལགས། དེ་ནས་བྱེད་སྤེ། གངས་ཅན་སྲད་རྒོད་ཁྲོ་བུ། དགེ་སྡིངས། རྫི་ལུང་སྔོན་མོ་རྫོང་བདུན། རྡོ་རྗེ་གདན་པ། བྱ་གཤོང་བོ་དོང་ཨེ་པ་སོགས་དགོན་པ་རྣམས་སུ་གནས་གཟིགས་དབང་ལུང་སོགས་གོང་བཞིན། སྤྱི་དང་བྱེ་བྲག་གི་གདུལ་བྱ་རྣམས་རྣམ་གྲོལ་ཐར་པའི་ཁང་བཟང་དུ་འདྲེན་པར་མཛད་ཅིང༌། གཞན་མ་རྗེ་དེའི་མཛད་པ་ནི་ནམ་མཁའི་མཐའ་དང་མཉམ་ན་དེ་དུས་ཀྱི་མཛད་པ་ཇི་སྙེད་པ་བརྗོད་པ་ཡང་དེ་དང་འདྲ་བ་སྟེ་འདི་ཡང་གནད་དོན་དུ་ཤེས་དགོས་ཤིང༌། དེ་ནས་སླེའུ་དང་ར་མ་སེ་ལུང༌། བཀྲ་ཤིས་དར་རྒྱས་ནས་གདན་ས་ཆེན་པོ་དཔལ་ལྡན་ས་