[A:༡༧༣]ཀྱི་རྗེས་གནང་དང༌། སྨན་བླ་ཀླུ་དབང་ལྷ་ལྔ་སོགས་རྗེས་གནང་ཟུར་བཀའ་ཞེ་ལྔ་ཙམ་སྦྱོང་དཀྱིལ་རིགས་གསུམ་བཅུ་གཉིས་སྤྱི་དང་ཚེ་དཔག་མེད་ལྷ་དགུ་སོགས་དབང་ཆེན་ཟུར་བ་བདུན། ནཱ་རོ་མཁའ་སྤྱོད་སོགས་བྱིན་རླབས་རིགས་ལྔ་ཕྲག་རྣམས་སོ་སོར་རྒྱ་གཞུང་བོད་གཞུང་སྒྲུབ་ཐབས་རྣམས་ཀྱི་ལུང་སོགས་ཆོས་བཀའ་རྒྱ་ཆེར་བསྩལ། དེ་མཚམས་གོང་དཀར་རྗེར་གོང་དུ་བསྟན་པ་བཞིན། དཔལ་རྩེ་སོགས་ཡོག་དཀྱིལ་ཆེན་མོ་རྣམས་གསན་བཞེས་མཛད་རྗེས། ཁྲུམས་ཟླའི་ཉེར་གསུམ་ནས་འཇམ་མགོན་མཐུ་སྟོབས་དབང་ཕྱུག་ཉིད་ཀྱཻ་རྡོ་རྗེའི་གཞི་བསྙེན་ལ་འཇུག་པར་མཛད་ཅིང༌། དབྱུག་ཟླའི་ཚེས་འགོར་བདག་མོས་དབུས་ལ་ཕེབས་པ་དང་སྟབས་མཚུངས་སུ་འཇམ་མགོན་གཅུང་རིན་པོ་ཆེ་ཉིད་ཐོག་མར་སྐུ་རླུང་འདྲ་བས་རིམ་གྱིས་སྙུན་ལྕི་ཙམ་བཞེས་ཚུལ་དང༌། དེ་དུས་མཛོད་འཛིན་པའང་དབུས་སུ་ཕེབས། རྗེ་ཉིད་ཀྱིས་དམ་པ་རྣམས་ཀྱི་ངོ་མཚར་རྣམ་ཐར་གཙོ་བོར་གྱུར་པ་ཆོས་འཆད་སོགས་འཆར་འཕར་གྱི་བསྟན་མཁས་བགྱི་བ་རྣམས་དང༌། གང་ཅིའི་རིམ་གྲོའི་ཞལ་བཀོད་བཅས་ཚར་ཕྱིན་མཛད། སྨིན་ཟླའི་ནང་ཨ་ཎི་དྲུང་དང་གོང་གི་ཡུམ་མཆོག་དམ་པ་དེ་ཉིད་ཀྱི་ནང་རྟེན་དངུལ་གདུང་རིན་པོ་ཆེ་གསར་བསྐྲུན་མཛད་རྒྱུའི་ནང་གཟུངས་གདུང་ཚ་རྣམས་ལ་ཕྱག་ནས་དང༌། མགོ་ཟླའི་ནང་ཁང་གསར་དཔོན་ཆོས་སྐྱོང་བཟང་པོ། ཨོར་དུ་སུ་བློ་བཟང་ཚོགས་གཉིས། ཚེ་རིང་པི་པི་སོགས་ལ་ཀྱཻ་རྡོར་རྒྱུད་དབང་དང༌། དམར་པོ་སྐོར་གསུམ་གྱི་རྗེས་གནང་སོགས་འདོད་ཆོས་ཀྱི་བདུད་རྩིས་བློ་གྲོས་བུམ་པ་འགེངས་པར་