[A:༡༡]པ་དང༌། ཡང་གཏེར་སྟོན་ཐེག་ཆེན་གླིང་པ་ཀརྨ་འགྲོ་དོན་རབ་འཕེལ་གྱིས། ལྷ་ལུང་དཔལ་གྱི་རྡོ་རྗེའི་ཡང་སྲིད་ཡིན་པར་གསུངས་པ་དང༌། རྙིང་རྒྱུད་རིན་ཆེན་སྣ་བདུན་ཞེས་བྱ་བ་ལས། །དོལ་རྒྱ་དོལ་རྒྱ་ཞེས་བྱ་བ། །མཐར་ལམ་ལོག་པ་མ་ཡིན་ཏེ། །ངོ་བོ་ཐུགས་རྗེ་ཆེན་པོའོ། །ཞེས་སོགས་ལུང་བསྟན་པའི་རྩོལ་བྲལ་དུས་བབ་ཀྱི་བསྟན་སྲུང་། བྱེ་ཚོགས་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་རྩལ་གྱིས་སློབ་དཔོན་ཆེན་པོ་ཛེ་ཏ་རི་དགྲ་ལས་རྣམ་རྒྱལ་གྱི་སྤྲུལ་པར་ལུང་བསྟན་པ་དང། གཞན་ཡང་སྔགས་འཆང་སེམས་དཔའ་ཆེན་པོ་གྲགས་པ་བློ་གྲོས། སྒྲོལ་མ་ལུང་པ་མང་ཐོས་བསོད་ནམས་ཆོས་འཕེལ་སོགས་དང་ཐུགས་རྒྱུད་གཅིག་པར་ལུང་ཚད་མས་གྲུབ་པ་ཡིན་ཏེ། འགྲོ་མགོན་དབང་གི་མཚན་འཆང་གྱིས། །དགྲ་ལས་རྣམ་རྒྱལ་བི་མ་མི་ཏྲ་དང༌། །དཔལ་གྱི་རྡོ་རྗེ་གྲགས་བློ་ཀུན་བློ་སོགས། །སྐུ་ཡི་བཀོད་པ་རྣམ་པ་མང་བསྟན་ནས། །བསྟན་པ་རྒྱས་པར་མཛད་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་དང༌། འཇམ་མགོན་ཨ་མེས་ཞབས་ཀྱིས། ངག་གི་དབང་པོ་ཀུན་དགའ་བློ་གྲོས་མཚན། །ལེགས་བཤད་བྱེ་བ་ངག་ལམ་ནས་སྤེལ་བ། །ཞེས་མ་འོངས་པ་ན་འདི་ལྟ་བུའི་མཁས་གྲུབ་དམ་པར་ལུང་གིས་བསྔགས་པ་བཅས་ལ་དགོངས་ནས། དངོས་སློབ་གནས་ལྔ་རིག་པའི་པཎྜིཏ་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པའི་རྣམ་ཐར་གསོལ་འདེབས་མདོར་བསྡུས་ལེགས་བྱས་གཏམ་བཟང་ལས། དཔལ་ཡས་རྒྱལ་ཀུན་མཁྱེན་པའི་ཆུ་གཏེར་ལས། །བརྩེ་བའི་ཐུགས་བསྐྱེད་བསྟན་འགྲོར་འདོད་པ་དགུ། །འཇོ་