[A:༡༠]རྒྱུད་དགོངས་འགྲེལ་དང་བཅས་པ་ནས་རྒྱ་ཆེར་གསུངས་པ་རྣམས་ཡིད་ཡུལ་དུ་བྱས་ཏེ། ཇི་ལྟར་བཤད་པའི་དགོས་པ་ཡང༌། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ལས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །སྡེབས་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད། །རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། །དགེ་བ་སྒོམ་ཕྱིར་བདག་གི་དད་པའི་ཤུགས། །འདི་དག་གིས་ཀྱང་རེ་ཞིག་འཕེལ་འགྱུར་ལ། །བདག་དང་སྐལ་བ་མཉམ་པ་གཞན་གྱིས་ཀྱང༌། །ཅི་སྟེ་འདི་དག་མཐོང་ན་དོན་ཡོད་འགྱུར། །ཞེས་གསུངས་པ་རྣམས་ཀྱི་རྗེས་སུ་ཞུགས་ནས་འཆད་པར་བྱའོ།།
འཇམ་མགོན་ཀུན་བློས་སྐུ་མཆེད་གཅུང་པོ་ངག་དབང་མཐུ་སྟོབས་དབང་ཕྱུག་ཡན་ཆད་ནི། ཉིད་གསུངས་གདུང་རབས་རིན་པོ་ཆེ་བྱོན་ཚུལ་རྣམ་ཐར་ཞལ་སྐོང་ན་གསལ་བར་བཞུགས་པ་སླར་སྤྲོས་མ་དགོས་ཤིང༌། དེ་རྗེས་མ་འོངས་སྲིད་མཐའི་བར་དུ་འབྱོན་འགྱུར་གྱི་རྟེན་འབྲེལ་དུ་གཟིགས་བས་གཅེན་པོ་འཇམ་མགོན་གདུང་སྲས་མཆེད་བྱོན་ཚུལ་མདོ་ཙམ་རྗེས་སུ་འགོད་གནང་གི་ནང་ནས།
༡ ཀུན་དགའ་བློ་གྲོས།
དཔལ་ས་སྐྱ་པ་ཆེན་པོ་འཇམ་མགོན་མི་ཡི་རྣམ་རོལ་ཀུན་དགའ་བློ་གྲོས་འདི་ཉིད་ནི། གཏེར་སྟོན་ཆེན་པོ་ཀུན་བཟང་བདེ་ཆེན་རྒྱལ་པོས། རྫོགས་ཆེན་བསྟན་པའི་མངའ་བདག་བཱིམ་ལ་མི་ཏྲའི་རྣམ་སྤྲུལ་ཡིན་གསུངས་