R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༧༨
[A:༡༧༨]དེ་མཚམས་ནས་འཛམ་གླིང་ན་བློ་ལྡན་གཟུར་གནས་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཞིང་འདུད་པའི་ཡུལ་དུ་གྱུར་པ་མཚན་མཆོག་གསུམ་ལྡན་གྱི་གདུང་རབས་རིན་པོ་ཆེ་འཇིག་རྟེན་ན་ཕན་བདེའི་བཙས་སུ་ཆེ་བ་འདི་ཉིད་སྤེལ་བའི་ཕྱིར། སྡོམ་བརྩོན་ངུར་སྨིག་གི་བརྟུལ་ཞུགས་ལས་སླར་ལྡོག་སྟེ་སྔགས་འཆང་གོས་དཀར་ལྕང་ལོས་མཛེས་པའི་སྐུར་བཞེངས་སུ་གསོལ་བར། ལྕང་སྐྱ་རྡོ་རྗེ་འཆང༌། གནས་སར་རྡོ་རྗེ་འཆང༌། འཇམ་མགོན་དཔལ་ལྡན་ཆོས་སྐྱོང༌། གཞུང་ཞབས་རིན་པོ་ཆེའི་དགུང་བློན་ཆེན་པོ་རྣམས་དང་བཅས། སྡེ་དགེ་ས་སྐྱོང༌། ཞུ་ཆེན་རིན་པོ་ཆེ་རྣམས་ཀྱིས་ཐོག་དྲངས། མདོར་ན་རྗེ་བཙུན་ས་སྐྱ་པའི་བསྟན་པ་རིན་པོ་ཆེ་ཐུགས་ལ་བཅངས་སོ་ཅོག་ནས་གདུང་རྒྱུད་རིན་པོ་ཆེའི་སྐུ་ཆེ་བའི་ལོ་རྒྱུས་ཞིབ་གླེང་གིས་སྣ་དྲངས་ཏེ། གདུང་འཛིན་གྱི་གོ་ས་རིན་པོ་ཆེར་ཕེབས་དགོས་པའི་གསོལ་འདེབས་ནན་ཏན་ཆེན་པོ་མཛད་པའི་རྐྱེན་དང༌། རྗེ་རྡོ་རྗེ་འཆང་ཉིད་ཀྱང་སྙིགས་དུས་ཀྱི་བསྟན་པའི་མེ་རོ་གསོ་བ་ལ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་དང་འཇམ་མགོན་ཨ་མེས་ཞབས་ཀྱི་རྣམ་ཐར་ལྷུར་བཞེས་དོན་ཐོག་ཏུ་འགྱུར་པའི་ཐུགས་བསྐྱེད་དང༌། སྐྱེ་འགྲོའི་བསོད་ནམས་མི་དམན་པ་སོགས་སྒོ་དུ་མ་ནས་རྟེན་འབྲེལ་འགྲིག་སྟེ་སྔོན་བཞེས་པའི་དགེ་བསྙེན་དང་དགེ་ཚུལ་གྱི་བསླབ་སྡོམ་རྣམས་གདུལ་བྱ་ཚུར་མཐོང་རྣམས་ཀྱི་སྣང་ངོར། དེ་སྐབས་མཁན་པོ་རྣམས་མྱང་འདས་ཀྱིས་མི་བཞུགས་པར་བརྟེན། སྔོན་དུ་གཙུག་ཕུད་ཕུལ་བའི་རྟེན་ཐུབ་དབང་འོད་ཟེར་འགྱེད་སྤྱན་དྲངས་པའི་