[A:༡༨༧]འབྱོན་བཞིན་པ་སྡེ་སྲིད་གཙང་པའི་ནང་རྟེན་གྲས་འཇམ་དབྱངས་བསོད་ནམས་དབང་པོའི་ཕྱག་བབས་དེ་དང༌། གཉན་ཕུ་ཆུང་བ་གཙུག་ཏོར་རྒྱལ་པོས་ཞོང་བར་མཛད་པའི་ས་འཇམ་ཞལ་སྤྲོད་ས་ཆེན་གྱི་ཕྱག་ནས་བརྒྱ་ཚར་དང༌། རྗེ་བཙུན་སྐུ་མཆེད་ཀྱི་ཕྱག་ནས་དང་ཐུགས་དམ་རྟེན་བྱིན་ཅན། སངས་རྒྱས་ཀྱི་འཕེལ་གདུང་ལྔ་རྣམས་ཀྱིས་ཐོག་དྲངས་རིང་བསྲེལ་རྣམ་བཞི་གྲངས་མང་ཉུང་ཙམ་མ་གཏོགས་མཆོད་སྡོང་ཉིད་དང་ཆ་འདྲ་བཞུགས་པར། གཟའ་སྐར་དགེ་བ་ནས་ཐོར་ནས་སྒྲུབ་པར་མཛད། རྗེ་ཉིད་ཀྱི་སློབ་དཔོན་དང༌། མཁན་པོ་འདུས་ཚོགས་བཅས་ནས་ཀྱཻ་རྡོ་རྗེའི་དཀྱིལ་ཆོག་དང་རྗེས་འབྲེལ་རབ་གནས་ཞག་བདུན་མ་རྒྱས་པའི་སྦྱིན་སྲེག འོ་ཐུག་སྒྲུབ་པ། གཞན་ཡང་གཙུག་ལག་ཁང་རྣམས་སུ་སྣ་ལྔའི་མཆོད་པ། དགེ་འདུན་བསྙེན་བཀུར། མཆོད་ཕྲེང་བསྟར་བ། ཕྱི་སྐོར་ལ་མེ་ཏོག་འཐོར་བ། འཕན་སྐུ་ཞལ་དབྱེ། སྟོན་མོའི་ཐོག་སྤྱི་སྒེར་ལེགས་སྐྱེས་བཞེས་པ། འགོ་བཟོ་བར་གནང་ཆ། མངའ་ཞབས་ལ་འབྲུ་འགྱེད། གཞས་སོགས་ཆ་ལག་ཚང་བའི་ཚུལ་གྱིས་མཛད་ཅིང༌། གསེར་སྐུ་རྡོ་རྗེ་འཆང་ལ་ན་བཟའ་སོགས་དང༌། སྐུ་གཤེགས་ཀྱི་རྒྱུན་བཞེས་འདྲེན་ཆས། དཀར་ཡོལ་དང་ཤེལ་སྤྱད་ངོ་མཚར་ཅན་དུ་མ། དངུལ་སྲང་ལྔ་བཅུ་མའི་ཏིང་བཅུ་གཅིག་དང༌། མི་རིང་བར་རྗེ་ཉིད་ཀྱི་འཕྲིན་ལས་ཟུར་སྦུག་ཕ་སྒར་སོགས་ནས་སྦྱིན་བདག་དད་ཅན་རྣམས་ཀྱིས་ཕུལ་གྲས་དཀར་ཤེལ་གྱི་མཆོད་སྤྱད། རྒྱུ་ཚོགས་ལས་གྲུབ་པའི་མེ་ཏོག་ཕོན་བཅས་ཕྱག་ཏུ་སོན་པ་བཞིན་སློབ་དཔོན་རིན་པོ་ཆེ་