[A:༡༩༢]གས་པ་དང༌། བསམ་བརླིང་ལྷ་མཆོད་དུས་གུར་ཀར་ཆག་པ་རྣམས་ནི་དབུ་བླ་འདི་ཞིང་ཁམས་བརྗེ་བའི་རྟགས། རྗེ་དེ་ཉིད་ནི་རྣམ་ཀུན་ཉིན་མཚན་ཁོར་ཡུག་ཏུ་བསྟན་འགྲོའི་དོན་འབའ་ཞིག་གིས་དུས་འདའ་བ་ལས་རྣམ་གཡེང་ལེ་ལོའི་དྲི་མ་ཕྲ་མོ་ཙམ་གྱིས་མ་གོས། འཇམ་མགོན་གནས་གསར་བ་ཆེན་པོ་དེ་ཉིད་གཤེགས་པ་ནས་བཟུང་སྲོད་ཐོ་རེངས་ཉིན་བར་གུང་ཚིགས་སྐབས་སོགས་ཡུད་ཙམ་རེ་བཞུགས་སྐབས། ཐུགས་ལ་སྐྱོ་ཤས་དང༌། ཁྱད་པར་ད་ནི་རྗེ་བཙུན་གོང་མའི་ཐུགས་དམ་ཆག་མེད་ཀྱི་རིམ་པ་ཁ་གསོ་བ་རྣམས་ཀྱང༌། ཞུ་ཡུལ་ཤིན་ཏུ་དཀོན་པ་འདུག་དགོངས་པའི་ཐུགས་འདུན་དུ་དུང་དུང་ལྷང་ལྷང་བཅས་ངེས་འབྱུང་གཏིང་ནས་འཁྲུངས་པའི་ཞལ་འདོན་དགེ་སྦྱོར་ལ། དུས་རྒྱུན་ལས་ཀྱང་ཐུགས་བརྩོན་གྱིས་རྩ་བའི་བླ་མ་དམ་པ་རྣམས་ཀྱིས་དགོངས་རྫོགས་དང༌། སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨིན་རྒྱས་སུ་མཛད། རྗེ་དེའི་དགོངས་རྫོགས་དང་བསྟུན་ལོ་རེ་བཞིན་འཇིགས་བྱེད་བཅུ་གསུམ་མའི་རྡུལ་དཀྱིལ་སྒྲུབ་མཆོད་གཤོམ་རྒྱས་པ་དང་བཅས་ཞག་བཞིའི་ཁོངས་སུ། ཡ་མ་རཱ་ཛ་བཞི་སྟོང་བརྒལ་ཙམ་དང༌། གསོལ་འདེབས་བཞི་བརྒྱ་ལྷག་ཙམ་རེ་མཛད་ཅིང༌། ཕྱི་ལོ་དུས་ཆེན་ཉིན་དཔལ་ས་སྐྱའི་ལྷ་ཆེན་ཐིགས་གཡབ་གཙུག་ལག་ཁང་དུ། དེ་ཉིད་ཀྱི་འདྲ་སྐུ་རིན་པོ་ཆེ་གསར་བསྐྲུན་རིང་བསྲེལ་རྣམ་བཞི་ཕྱུར་པོར་མཛད། རབ་ཏུ་གནས་པའི་མེ་ཏོག་གིས་མངའ་གསོལ་བར། དབུ་ཞྭ། ན་བཟའ། ཕྱག་ཕྲེང༌། ཕྱག་ཆ། མཆོད་པའི་ཡོ་བྱད་བཅས་དེ་ཉིད་ཀྱི་ཉེར་སྤྱད་ངོ་མས་སྤྲས་ཏེ་བཞུགས་