[A:༡༩༡]ཅི་ཡང་མ་བྱུང༌། འཕྲལ་དུ་འཚུབ་ཀྱང་འགྱངས་མིན་ནས་ཐུགས་འདོད་འགྲུབ་པའི་ལ་ཉེ་བཟང་བར་མ་ཟད། དབུ་མཐིང་བཞེས་འཕྲལ་སྙུན་ལས་གྲོལ་ཚུལ་དེ་བཞིན་རྗེ་ཉིད་འབྱུང་བཞི་ལ་རང་དབང་ཐོབ་པའི་དགོངས་གཞི་ཁྱད་པར་ཅན་ནོ། །དེའི་སང་ནས་ཡང་སྔར་བཞིན་སྙུན་གཞི་དེས་ཟླ་ཕྱེད་ཙམ་སྐྱེད་མ་བཞེས་ཚུལ་གྱིས་ཐུགས་ཉམས་འུར་ཏེ། སྨན་བཅོས་རྣམས་ཆབ་ལ་བསྐྱུར་ནས། སྔར་ནས་འོད་གསལ་དུ་འཁྲུངས་ཤིང་ཕྱིས་སུ་རྗེས་གནང་ཡང་གསན་པ་འཇམ་དཔལ་ནཱ་ག་རཀྵའི་བསྒོམ་བཟླས་བསྲུང་སྐུད་བཅས་མཛད་པས། ཞག་ཤས་ནས་ཀླུ་མང་པོ་ཞིག་ཤི་བའི་མཚན་མ་འཁྲུངས་ཏེ་སྙུན་ལས་གྲོལ་བའི་ཚུལ་མཛད། སྣྲོན་ཟླའི་མཇུག་ནས་ཟླ་གཅིག་རིང་རྣམ་འདྲེན་དམ་པ་དེ་ཉིད། གནས་གསར་རྡོ་རྗེ་འཆང་ཆེན་པོའི་སྐུ་དྲིན་གསོབ་ཆེད་དང༌། རྗེ་བཙུན་ས་སྐྱ་པའི་སྡེ་བསྟན་པ་གདུང་རྒྱུད་དང་བཅས་པའི་སྐུ་རིམ་དུ། རྭ་ཚར་ཐུན་མོང་མ་ཡིན་པའི་ལུགས་འཇིགས་བྱེད་བཅུ་གསུམ་མའི་སྒྲུབ་མཆོད་བརྒྱ་ཚར་གྲངས་གསོག་མཛད་སྐབས་ཀྱི་ཆུ་སྟོད་ཟླ་བའི་ཚེས་བཅུ་གཅིག་ཉིན་གནས་གསར་རྡོ་རྗེ་འཆང་ཞི་བར་གཤེགས་པས་དགོངས་རྫོགས་ཀྱི་གོ་ཆོད་བྱུང་བ་སོགས། ལྐོག་གྱུར་རྗེན་གསལ་གྱི་ཐུགས་མཁྱེན་ཡིན་པ་ལ་བསྙོན་དུ་མེད་ཅིང༌། དགུང་ཞག་ནམ་རྫོགས་བར་མཁའ་སྤྱོད་མའི་སིན་དཀྱིལ་སྒྲུབ་མཆོད་ཆག་མེད་ཀྱི་སྔགས་སྡོམ་ཨོཾ་གསུམ་མ་ཉི་ཁྲི་དགུ་སྟོང་བཞི་བརྒྱ་ཐམ་པ། སྐུ་སྟོད་ལྔ་སྟོང་ཉིས་བརྒྱ་གོ་གཉིས། མཆོག་སྤྲུལ་མྱུར་འབྱོན་ཞེ་དགུ་རྣམས་མཛད་ཅིང༌། དེ་ལོ་ག་ཡ་དྷ་རའི་བུ་ཆུའི་སྣོད་