[A:༡༩༨]པས། མངྒའི་མཚན་ཅན་ཕྱག་བབས་ལི་སྐུ་མཁྱིད་གང་ཙམ་ཞིག་ཕྱག་ཏུ་ཐེབས་པའི་གཤམ་ཡིག་ལ་སྦྱིན་བདག་གི་མིང༌། བསམ་འགྲུབ་ཕུན་ཚོགས་ཀྱིས་བཞེངས་ཟེར་བའི་ཚིག་སྒྲ་ལེགས་པ་དེ་བཞིན། མ་བསྒྲིགས་ལྷུན་གྲུབ་ཀྱི་རྟེན་འབྲེལ་ལྟ་བུར་བྱུང་བས་བསྟན་སྲིད་ལར་རྒྱ་ལ་ངེས་པར་ཕན་པ་ཞིག་ཡིན་ནོ། །གསུངས་པའི་སྐུ་འདྲ་རིན་པོ་ཆེ་འདི་ལ་དབུ་ཞབས་བར་གསུམ་གྱི་གཟུངས་རིང་བསྲེལ་དང་བཅས་པས་ཕྱུར་པོར་གཏམས་ཤིང༌། ཁྱད་པར་རི་བཀྲ་ངན་པ་བཟློག་པའི་འདོད་གསོལ་བཅས་འབུལ་གནང་གིས། ཀྱཻ་རྡོ་རྗེ་ལ་བརྟེན་པའི་རབ་གནས་འབྲིང་པོ་དང༌། གཞན་ཚར་འགའ་ཞིག་བཅས་དམ་ཡེ་དབྱེར་མེད་དུ་བྱིན་གྱིས་རློབས་པར་མཛད་དོ། །དེ་ལོ་གཞན་ཞབས་རིན་པོ་ཆེ་ནས་སྐུ་རིམ་ཐུགས་བརྩོན་འགའ་ཞིག་གནང་དགོས་བྱུང་བ་ལྟར། འདི་ཡང་སྨིན་ཟླའི་ནང་རྡོ་རྗེ་འཆང་ནས་བདུད་འདུལ་ཕུག་ཏུ་བསྐང་ཕྲིན་གནད་སྨིན་ལ་ཞག་ཤས་ཐུགས་གཞོལ། དེ་ནས་མདོས་ཆུང་གི་ཚོགས་དབུར་ཕེབས་ཀྱང་དེ་དུས་མཚན་འགྲུལ་བསྲུང་དགོས་སྟབས་གཏོར་རྒྱག་ལ་མ་ཕེབས། དུས་མདོས་ཐོག་སྡེ་དགེ་གཉེར་པ་སྔོ་ཡེ་སོགས་དང༌། ཧོར་ཀྲེ་བོ་དཔོན་སྡེ་དགེ་སྲས་མོ་བཅས་དང༌། གནས་གསར་རྗེའི་ཕྱག་མཛོད་སོགས་ཀྱང་འབྱོར་པས། སོ་སོའི་བློ་དང་འཚམ་པའི་ལུགས་ཟུང་གི་བདག་རྐྱེན་དང༌། ཕྱག་མཛོད་ནས་བོ་དྷཱི་ཙིཏྟའི་ཕྱག་ཕྲེང་རྒྱན་ལྡན་ཞིག་ཕུལ། དེ་ནས་ལྷ་ཆེན་མཁན་པོ་ཆོས་བཀྲ་ཤིས་སོགས་ཞལ་སློབ་འགར་མཚན་ཉིད་ཀྱི་ཡིག་ཆ་རྒྱ་བོད་མང་པོས་མཛད་པའི་ལྗགས་ལུང་ཕོན་ཆེན་ཡང་སྩོལ་བར་