[A:༡༩༧]དོགས་ཟ་བའི་སྐབས། རྗེ་ཉིད་ཀྱི་འོད་གསལ་དུ། འཇམ་དབྱངས་འོད་འབར་བའི་སྐུ་དྲུང་ན་རྗེ་ཉིད་བཞུགས་པར། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཞབས་གྲས་ཡིན་དགོངས་པའི་གྲྭ་པ་ཞིག་དང་གསུང་གླེང་མུར། བྲག་རི་ཞིག་ཚུལ་དེ་གསུངས། གྲྭ་པ་དེ་ན་རེ། འདི་རྗེ་བཙུན་རིན་པོ་ཆེ་ཞིང་ཁམས་བརྗེ་སྐབས་ཀྱང་བྱུང་བས་ཆོས་རྗེ་པས་རྗེའི་དགོངས་རྫོགས་དང་གདན་སའི་སྐུ་རིམ་གཉིས་ཆར་ལ་དམིགས་ནས་འཇམ་དབྱངས་གཟི་འོད་འབར་བའི་སྐུ་འདི་བཞེངས་པས་སྐྱོན་མ་བྱུང༌། ད་ལྟའི་འདིའང་དཔལ་ས་སྐྱ་པའི་བསྟན་སྲིད་ལ་གནོད་པའི་ལྕགས་གླང་ཞིག་འཐོན་ཉེར་ཡོད་པས་ཟེར་མུར། རྗེ་ཉིད་ཀྱི་ཐུགས་སྣང་ལ། ཐང་སྐུ་ཞིག་གི་ལྡེབས་ལ་རི་སྔོན་པོ་གཉིས་ཕན་ཚུན་རྒྱུགས་པའི་སྣེ་མཚམས་ནས། གླང་སྔོན་པོ་མིག་ཁྲ་ཧྲིག་གེ་པ་ཞིག་རྭ་ཉུག་གེ་འཐོན་ཉམས་བྱེད་པ་འཁྲུངས་པས། གྲྭ་བ་དེས་སྔར་གྱི་འཕྲོས་ལས། ད་ལམ་ཡང་འཇམ་དབྱངས་གཟི་འོད་འབར་བའི་སྐུ་ཚད་དང་མཉམ་པའི་འཇམ་དབྱངས་ཀྱི་སྐུ་ཞིག་བཞེངས་ན་ངོ་ཆེ་ཞིང༌། དེ་མཚུངས་ཉིན་གཅིག་ནང་ཡུམ་རྒྱས་པ་ཚར་གསུམ་བཀླགས་པས་ཕན་ནམ་ཟེར་བ་ཞིག་འཁྲུངས་པ་བཞིན། སྨིན་ཟླའི་བཅུ་དགུ་ལ་ཐིགས་གཡབ་ལྷོར་དབུ་རྩེ་འཇམ་དབྱངས་གཟི་འོད་འབར་བ་དང་མཉམ་པའི་རྗེ་བཙུན་འཇམ་དཔལ་དབྱངས་སྨན་འདམ་ལས་གྲུབ་པའི་བྱིན་རླབས་ཀྱི་གཟི་འབར་གྲང་གསེར་ལེབ་བྱུགས་ཅན་སྐུ་རྒྱན་ན་བཟའ་མཆོད་ཆ་སོགས་དང༌། གཟུངས་ཞུགས་ཐུགས་ཀར་གཞུག་རྒྱུའི་འཇམ་དཔལ་གྱི་སྐུ་ཞིག་ཐིགས་གཡབ་རྟེན་གྲས་ནས་འཚོལ་བར་མཛད་