[A:༢༠༠]ཞལ་དཀར་སྨན་རམ་པར་བསྐུལ་མ་མཛད་པ་བཞིན་སྲིད་འབེབས་སྨན་དང་ཟས་སྤྱོད་ཚང་མ་ཡིག་ལམ་ནས་ཕུལ་བ་དང་བཅས། གོང་སར་སྙན་ཞུ་འཛོལ་མེད་ཞུས་པས་ཕྱིས་སུའང་འདི་ལ་ཐུགས་འདོགས་ལྷག་པར་ཆེ། གང་ལྟར་སྔ་ཕྱི་བར་མཚམས་ཀུན་ཏུ་རྗེ་བཙུན་ས་སྐྱ་པའི་གདུང་རབས་མྱུར་འབྱོན་ཁོ་ནར་ཐུགས་བརྩོན་འདི་ཉིད་གཅིག་པུའི་སྐུ་དྲིན་ཡང་བསྐལ་པ་རྒྱ་མཚོར་འཁྱེར་མཐའ་མཆིས་མིན་བློ་ལྡན་གཟུར་གནས་དག་གིས་དཔྱོད་པར་ཞུ། ནག་ཟླའི་ཡར་ཚེས་ལ་རྒྱལ་ཡུམ། ལྷ་ཆེན་མཁན་པོ། མུས་ཆེན། ཟུར་འཆར་གྲུབ་དབང་སོགས་ལ། དབང་ལྷ་དམར་ཆེན་དང་དམར་ཆུང་སྐོར་གསུམ་སོགས་གནང་སྐབས་ཤིག་སྤྱན་ལྟས་སུ། དཔོན་པོ་རིའི་རྩེ་ནས་ལྷ་རྒྱལ་འཐེན་པའི་སྐད་གསལ་པོར་གསན་པ་དང༌། བཞི་ཐོག་ལྟག་གི་བསྐོར་ལམ་དུ་མི་ཞིག་གིས་ཙནྡན་དམར་པོའི་ཁུར་པོ་ཤིན་ཏུ་ཆེ་བ་ཞིག་འཁྱེར་ཡོང་བ་དང༌། ཡང་ལྷ་ཁང་རྩེའི་མཛོད་ནག་ནང་ཁུག་མ་སེར་པོ་ཞིག་ན་ཊཾ་ཀ་ཉུང་ངུ་ལས་མི་སྣང་བར། མི་ཞིག་ནས་ད་འདི་ཊཾ་ཀས་མྱུར་དུ་ཁེངས་ཡོང་རྒྱུ་ཡིན་ཟེར་བ་འཁྲུངས་པ་འདི་ལ་ནི། ཕྱི་ལྟར་ན་སླར་འབྱུང་འོག་ཏུ་ས་ཁྱི་ལོའི་མཛད་སྐབས་གསལ་བ་བཞིན་དང༌། ནང་ལྟར་ན་ཁམས་གསུམ་དབང་དུ་སྡུད་པའི་གདུང་རྒྱུད་རིན་པོ་ཆེ་མྱུར་དུ་ཞལ་གཟིགས་ཀྱི་བརྡར་གོར་མ་ཆག དེ་ལོ་གོང་ས་རིན་པོ་ཆེ་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་དཔལ་བཟང་པོ་གྲུ་འཛིན་གསེར་ཁྲི་རིན་པོ་ཆེར་མངའ་གསོལ་སྐབས་རྗེ་ཉིད་ཕེབས་བཞེད་ཐུན་མོང་མ་ཡིན་པ་མཆིས་རུང༌།