R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༠༢
[A:༢༠༢]ཟམ་སོགས་ཞབས་ཕྱི་རྙིང་གྲས་ཐོག་དྲངས་སྡེ་ནུབ་པས་དགའ་གཞས་བྱེད་པ་དང་འགྲིག་པ་སོགས་ནི། འཇམ་མགོན་བླ་མས། གང་ན་ཐོད་དང་སྐྲ་གསར་དང༌། །གར་དང་རོལ་མོའི་སྒྲ་ཡོད་པ། །དེ་ན་མྱ་ངན་ཡོད་མིན་པས། །དེས་ན་རོལ་མོ་བསྔགས་པ་ཡིན། །ཅེས་གསུངས་པའི་དོན་ལགས། དེ་ནས་རྒྱལ་པོ་དཔོན་གཡོག་ནས་འཇལ་ཕྱག་དངོས་གཞི་དང༌། ཕར་ལེགས་གསོལ་གནང་རྒྱུ་ཚེས་བཅུ་བཞིར་མཛད་རྒྱུར་དེ་སྔོན་མ་བསྒྲིགས་ཀྱང༌། ས་སྐྱའི་གཡས་གཡོན་མདུན་གསུམ་ན་དར་འཛུགས་དང༌། ཆུ་མིག་རྫིང་ཁ་ནས་བུ་མོ་བྱི་ལོ་མ་ལོ་བདུན་ལོན་པ་གསུམ་གྱིས། རིགས་ལྔ་དར་དཔྱངས་ཌཱ་དྲིལ་བུམ་པ་མེ་ལོང་ཐོགས་ནས་ཁྲུས་ཀྱི་སྟངས་ཀ་བྱས་ཏེ་ཆུ་ཁྱེར་དགོས་བཞིན་ལ། དཀར་པོ་རྣམ་གསུམ་གྱི་ཕྱི་རྟེན་ཐོག་ནས་བྱོན་པའི་འཇམ་ཆུར་གྲགས་པ་འདི་ནས་བུམ་པ་གང་ཁྱེར་བ་དེའང་མཇལ་གོང་སླེབས་པ་དང༌། ཕན་ཚུན་ལེགས་སོ་ཁྱེར་མི་རྣམས་ཀྱང་གོས་རྒྱན་གཟབ་མ་དང༌། ལྷག་པར་ཕར་གནང་རྒྱུའི་ཐོག་ཅིའི་ལོ་རྒྱུས་ལེགས་བཤད་ཀྱི་གསུང་ཤོག་རྒྱས་པ་ལྗགས་རྩོམ་མ་དེ་མགྲོན་གཉེར་རྒྱལ་ཚིང་ནས་རིམ་བཤེར་གྱིས་སྟོབས་པར་མཛད་པས། ཁོང་དཔོན་གཡོག་རྣམས་དགྱེས་པ་རབ་ཀྱི་རྩེར་སོན། དེའི་ཚེ་གཟིམ་ཆུང་གི་རྩེར་རྒྱལ་པོ་ཡབ་སྲས་ལ་ཚེ་དབང་མཛད་སྐབས་ཆར་ཟིམ་བུར་བབ་ཅིང༌། ཆོས་དུང་དཀར་པོ་རྒྱང་གྲགས་ཀྱི་མཇལ་ཁ་རྟེན་བཤད་བཅས་རྗེ་ཉིད་ནས་བསྩལ། གཞན་ཡང་བྱད་འགྲོལ་སོགས་ཐུགས་འདོད་ཀྱི་ཆོས་བཀའ་དང༌། མཆོད་འབུལ་ཐོག་ལྷ་ཆེན་ཁྱམས་སྟོད་དུ་གསོལ་སྟོན་