[A:༢༡༠]སྐུ་རིམ་གཟབ་དགོས་མཆིས་པ་བཞིན། ཞག་བཅུ་པའི་སྐུ་རིམ་ལ། ཆོས་གྲྭ་ཉི་ཟླ་ཟུང་གི་དགེ་འདུན་རྣམས་ནས་གཟབ་སྤྲོས་བཅས་ཚེ་ཆོག གསུང་སྒྲོག མགོན་ཁང་ཁག་བཞིར་ལྷ་བསངས་བསྐང་གསོ་བཅས་དང༌། རྗེ་ཉིད་ནས་ནང་སོར་སྔ་མགྱོགས་གཏང་རག་དང༌། གཞན་ཡང་གསང་ཁོག་ཏུ་མཆིས་པའི་རྗེ་བཙུན་དྲུང་རྣམ་དང༌། མཁན་ཕྱག་གཉེར་གསུམ་སོགས་ནས་སྐབས་བབས་ཀྱི་ལེགས་འབུལ་དང༌། གཟའ་སྐར་དགེ་བའི་ཐོག་མཚན་བྱང་དར་དཀར་ལ་མཚལ་གྱིས་དཔལ་ལྡན་ཆོས་སྐྱོང་ངམ་དབང་སྡུད་སྙིང་པོར་གསོལ་བ་ནི། རྗེ་ས་ཆེན་གྱི་སྤྲུལ་གཞི་དེ་དང་འཁྲུངས་སྐབས་ལྷ་དབང་ཚོགས་བདག་གི་བསྐང་གསོ་ཚུགས་པ་ན་དབང་སྡུད་དང༌། ས་ཆེན་གྱི་མཚན་མཐར་སྙིང་པོར་གསོལ་བར་བཅས་འདྲི་བའི་དབུ་ཚུགས་པ་དང་ཚོགས་དུང་གསུང་བསྐུལ་སྟབས་འགྲིགས་ཀྱང་བྱུང་ཞིང༌། དེ་ཉིད་གསང་ཡུམ་སྔོན་མའི་སྲས་མོ་དགུང་གྲངས་ལྔ་མ་ཚེ་འཛིན་དཔལ་སྐྱེད་བུ་ཁྲིད་ཅེས་ཐུགས་རིག་གྲུང་པོ་དེ་རང་གི་ཐུགས་ཚ་ཉེ་མཁོ་ཉུང་ངུའི་ཁྲོད་ནས་སྡེར་ཆུང་ཕྱུར་པོར་བཀང་སྟེ་དཀར་སྔོན་ཆུང་ངུ་འབྲས་བུས་གང་བ་དང༌། མགྲོན་བུ་ཁ་ཤས། དངུལ་གྱི་ཐུར་ཆུང་ཁ་བཏགས་བཅས་གང་གི་མིང་པོ་གདུང་རྒྱུད་རིན་པོ་ཆེར་ཕུལ་ནས། ཐུགས་མཉེས་པའི་རྣམ་འགྱུར་ཅི་ཡང་མཛད་པས། རྗེ་ཉིད་སྤྱིར་ཡང་སྲས་མོ་དེར་བྱམས་རྩིས་ཆེ་བ་དང༌། སྒོས་སུ་ཆུང་ངུ་དེས་རྣམ་དཔྱོད་དོད་པོ་དེ་འདྲ་མཛད་པས་ལྷག་པར་བརྩེ་སྐྱོང་བཅས། དེ་སྐབས་ཀྱི་གྲོ་མགྲོན་མཚན་བྱང་རྣམས་རྟེན་སྒམ་དུ་གཞུག་པར་