R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༢༠
[A:༢༢༠]ཡང་དེ་ལོ་ཁྱད་འཕགས་འཕགས་པའི་ཐུགས་དམ་རྟེན་ཧོར་བཟློག་ལྕམ་དྲལ་དང༌། ཚོམས་བར་མཁས་བཙུན་ཕྱག་བཟོ་བྱང་འདུལ་མགོན་པོ་རྣམས་གསར་བསྐྲུན་ལྟ་བུར་ཉམས་གསོ་མཛད་དེ། རིང་བསྲེལ་རྣམ་བཞི་སྤྱི་དང་ཁྱད་པར་གྱིས་ཕྱུར་བར་རྗེ་རྡོ་རྗེ་འཆང་ཉིད་ཀྱིས་ཕྱག་ནས་དང༌། འདར་མཁན་པོ་ངག་དབང་ཤེས་རབ་ཀྱིས་མགོན་པོ་ཐུན་མོང་མ་ཡིན་པའི་རབ་གནས་ཞག་བདུན་མཛད་པ་སོགས་ཞིབ་པར་ཁང་ཟུང་གི་དེབ་ཏུ་གསལ་བཞིན་དང༌། གཞན་ཡང་གདུང་རྒྱུད་རིན་པོ་ཆེ་གེགས་མེད་དུ་ཕེབས་པའི་གཏང་རག་ཏུ་ཆེད་དམིགས་མཛོད་འཛིན་པ་ཤེས་རབ་ཕུན་ཚོགས་ལ་བཀའ་འདོམས་ཀྱིས། ལྷ་ཆེན་ཟུར་ལྕོག་ལྕགས་རི་དང་བཅས་པའི་སྤང་བད་སྤེན་བར་དུ་བསྒྱུར་བར་མཛད། དབྱུག་ཟླའི་ས་མཆོད་ཆེན་མོའི་བདེ་ཀྱཻ་གསང་གསུམ་ལ་སོ་སོའི་རབ་གནས་འབྲིང་པོ་སྦྱོར་གནང་གིས་བདེ་མཆོག་རབ་གནས་རྗེ་བཙུན་སྒྲོལ་མའི་གསེར་སྐུ་གསར་བསྐྲུན་ངོ་མཚར་ཅན་འདི་དང༌། ས་ཆེན་གྱི་བྲིས་སྐུ་བྱིན་ཅན་གྱིས་མཚོན་བྲིས་འབུར་གྱི་སྐུ་དུ་མ། ཀྱཻ་རྡོ་ལ་ལམ་འབྲས་བླ་བརྒྱུད་བྲིས་མ་སོགས་དང༌། གསང་འདུས་ལ་དེའི་བླ་བརྒྱུད་བྲིས་ཐང་སོགས་ཞལ་དབྱེ་ཞིང་མཆོད་ཚོགས་རྒྱས་པ་དང་བཅས། བཅུ་བཞིའི་ཉིན་ས་སྐོར་དང་སྦྲགས་ཐོག་མར་ཚོམས་དམར་ནས་རྒྱ་དཀར་ནག་མཁའ་སྤྱོད། དངུལ་གདུང་ཁྱད་འཕགས་སྟེང་འོག ཚོམས་བར་སོགས་རིམ་བཞིན་བཞི་ཐོག་ཤར་བརྒྱུད་ཚོགས་ཆེན་མོའི་ཕྱི་མཐའ་ནས་ཁྲོ་ཁང་སྟེང་འོག་ས་ཚོགས་ཤར་སྒོ་ནས་བྱ་ཁྲ་མའི་ཤར་བརྒྱུད་ལྷ་ཆེན་སོགས་ནས་ཕྱི་བསྐོར་ལ་