R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༢༡
[A:༢༢༡]རབ་གནས་ཀྱི་མེ་ཏོག་དང༌། གྲོལ་ནས་མཚམས་ཀྱི་འགོ་པ་རྣམས་མཛོད་དུ་བསྒྲིགས་ནས་བཀའ་ཐོ་བཀྲམ་ཞིང་ཞལ་བཀོད་མཛད། སང་ཉིན་བཅོ་ལྔར་གཟའ་འཛིན་ལ་གཞན་དག་ཐུགས་རྟོག་ཆེར་མཛད། རྗེ་རྡོ་རྗེ་འཛིན་ཉིད་ནི། གསང་བ་སྤྱི་རྒྱུད་ལས། ཉི་མ་ཟླ་བ་གཟས་ཟིན་དང་། །ཡ་མཚན་ཆེ་རྟགས་བྱུང་བ་དང༌། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྒྲིམས་ཏེ་དཀྱིལ་འཁོར་བྲི་བར་བྱ། །ཞེས་དང༌། བདག་ཅག་གི་སྟོན་པས། སང་བདུད་རྩི་བརྙེས་པའི་དོ་ནུབ་ཟླ་བར་སྒྲ་གཅན་ཞུགས། གྲགས་འཛིན་མར་རྒྱལ་པོ་དོན་གྲུབ་ཀྱི་སྲས་བལྟམས་པའི་མཚན་སྒྲ་གཅན་འཛིན་དུ་གྲགས་པ་རྣམས་ཀྱི་རྒྱུ་མཚན་དེས་ན་ཡ་མཚན་ལྷག་པར་ཆེ་བར་དགོངས་པ་བཞིན་དོན་ལ་གྲུབ་པ་འདིའོ། །ཟླ་མཇུག་ལ་དུས་མདོས་གཟབ་མའི་སྐུ་རིམ་དམར་ཆེན་གཏོར་བཟློག་སྐབས་ཀྱང་སྤྱིར་རྟགས་བཟང་ཞིང༌། ལྷག་པར་གཏོར་བཟློག་གྲུབ་ནས་འཆམ། སྐུ་བཞི་ཐོག་ཏུ་གདོང་བཞུགས་གདིང་ཁྱད་པའི་ཨ་ཙ་ར་དེས་རྐང་གཡས་ཁོ་ན་བཏེགས་ཏེ་ཤར་རྒྱག་རྒྱུགས་སོང་བར་ཁྲོམ་ལ་དགོད་སྒྲ་ཆེན་པོ་བྱུང་བས་རྟེན་འབྲེལ་ལེགས། སྨིན་དྲུག་ཟླ་ནང་ནས་འཆམ་རྒྱུགས་རིམ་བཞེས་འཆར་འཕར་གྱི་མཛད་སྒོ་དང༌། དུས་མདོས་དཀྱུས་གཟབ་ཀྱི་དབྱེ་བ་མཆིས་པའི་བཀའ་ཐོ་དང༌། ཕྱག་ལེན་འགའ་ཞིག་ལ་སྐྱོན་འདོན་བཅས་དང༌། མགོ་ཟླའི་ནང་ཕུར་ཁང་དུ་ཞལ་འབག་ཞྭ་ཕོད་ཀ་ཁྲབ་སོགས་ཆས་རྣམས་ཚང་མར་རྗེ་ཉིད་ནས་ཀྱཻ་རྡོ་རབ་གནས་འབྲིང་པོ་མཛད་རྗེས་ཕོ་བྲང་དུ་ཕེབས་སྐབས། བླ་བྲང་ཟམ་པའི་གཡས་གཡོན་