[A:༢༢༢]ལ་ཨ་ལི་ཆོས་རྗེས་ཁམས་པ་ཉི་ཤུ་རྩ་གྲངས་ཤིག་མཁར་རྔ་དར་ཚོན་སོགས་དངོས་པོ་དུ་མ་ཁྱེར་ནས་མཆིས་པས། བཀྲ་རྟགས་ཤིན་ཏུ་ལེགས་པའི་བཀའ་གྲོལ། དེ་དག་ཀྱང་རྣམ་ཐར་བསྡུས་པ་ལས། དངོས་རྣམས་འོད་གསལ་གཟིགས་སྣང་དང་བསྟུན་ནས། །གདུལ་བྱའི་ཁམས་དང་བསམ་པ་བག་ཡོད་རྣམས། །རྒྱུ་ཚོད་ཇི་བཞིན་མཁྱེན་པའི་མངོན་ཤེས་ཀྱིས། །དུས་གསུམ་ཤེས་བྱ་གཟིགས་ལ་གསོལ་བ་འདེབས། །ཅེས་གསུངས་པ་ཁོ་ནར་ངེས་ཤིང༌། ཟླ་འདིའི་ཚེས་ཉེར་གསུམ་ནས་དུས་མདོ་ཆེན་མོ་ཟབ་རེས་མཛད་ཚུལ་རྣམས་རྗེ་རྡོ་རྗེ་འཆང་ཉིད་བཀའ་ཐོ་ཇི་སྙེད་མཆིས་པ་ད་ལྟ་བཀའ་འབུམ་སོགས་སུ་བཞུགས་པ་ཇི་ལྟ་བ་བཞིན་རྒྱས་པར་མཛད་པ་དང༌། དེ་སྐབས་ཉེར་དགུའི་ཉིན་ཚོམས་ཆེན་དུ་ཚོགས་འགྱེད་མཛོད་དེབ་ནང་བཞིན་དང༌། འཕར་བཅས་ཀྱང་བསྩལ་ཏོ། །བཀའ་གཉན་གྱི་འཆམ་འདི་ལྟ་བུ་མཛད་པའི་ཚུལ་ལ། རྗེ་རྡོ་རྗེ་འཆང་ཆེན་པོའི་གསུངས་ལས། སྔར་གྱི་ཕྱག་སྲོལ་ལ་འཆམ་བཀའ་གཉན་འདི་འདྲ་མཛད་སྲོལ་འདུག་པར་འགའ་ཞིག་གི་སེམས་ལ། སྤྱིར་གསང་སྒྲོགས་ཀྱི་ཉེས་པ་དང༌། ཁྱད་པར་ཆོས་སྐྱོང་གི་འཁུ་ལྡོག་ལ་འཛེམ་མེད་རང་འདྲ་ཡིན་སྙམ་པའི་དོགས་པ་འབྱུང་མོད། སྤྱིར་ཤིན་ཏུ་བདེན་ཡང་ལུགས་འདི་ལ་དེ་འདྲའི་དོགས་པ་གཏན་ནས་མི་དགོས་པ་ནི། འཁོན་ཀླུ་དབང་ནས་ཤེས་རབ་ཚུལ་ཁྲིམས་ཡན་གསང་སྔགས་རྙིང་མའི་རིག་འཛིན་སྣོད་བཅུད་དག་པ་རབ་འབྱམས་སུ་གཟིགས་ཤིང༌། དམ་ཅན་རྒྱ་མཚོ་བྲན་དུ་འཁོལ་བ་ཤ་སྟག་བྱོན་པའི་གདུང་དང༌། དཀོན་མཆོག་རྒྱལ་པོ་ནས་