[A:༢༢༣]གསང་སྔགས་གསར་མ་མཛད་པའི་འབྱུང་ཁུངས་ཀྱང་བསྟན་པ་ཕྱི་དར་གྱི་ལོ་ཆེན་རྩོད་བྲལ་གྲུབ་པའི་སར་བཞུགས་བླ་ཆེན་འབྲོག་མི་ལས་རྒྱུད་སྡེའི་ཉིང་ཁུ་དཔལ་ཀྱཻ་རྡོ་རྗེའི་བཤད་བཀའ་གསན། དེའི་མན་ངག་འཛིན་པ་རྣམས་ཀྱི་ནང་ནས་འགྲན་བྲལ་སེ་སྟོན་ལས་མན་ངག་ཡོངས་རྫོགས་བསྟན་པ་རིན་པོ་ཆེ་ཉམས་ལེན་གསན་ཏེ་གྲུབ་པ་མཆོག་གི་གོ་འཕང་མཐོན་པོར་བྱོན་པས་ཡོན་ཏན་ཚད་བཟུང་མེད་ཅིང༌། སྤྱིར་བཏང་ལའང་ད་ལྟའི་བར་དུ་སྐུ་པུར་མ་ཉམས་པར་བཞུགས་པས་གདུང་རྒྱུད་མི་ཉམས་ཤིང༌། ཀླུའི་གནོད་པ་ཆེ་རིགས་ཀྱང་མི་འབྱུང་བ་སོགས་གྲུབ་པའི་རྟགས་མཚན་ཡོད་པ་དེ་དང༌། ཡང་སྒོས་འཕགས་པ་རིགས་གསུམ་མགོན་པོའི་རྣམ་སྤྲུལ་རྗེ་ས་ཆེན་ཡབ་སྲས་དབོན་རྒྱུད་རིམ་བྱོན་རྣམས་ཟབ་དོན་རྡོ་རྗེ་ཐེག་པའི་མངའ་བདག་ཁོ་ནར་མ་ཟད་ཐོག་མར་རྫོགས་པའི་སངས་རྒྱས་ཀྱི་ཕྱག་ནས་རྒྱུད་སྡེ་རྒྱ་མཚོའི་བསྟན་སྲུང་ཐུན་མོང་མ་ཡིན་པ་གུར་གྱི་མགོན་པོའི་སྣང་བརྙན་བསེ་འབག་ཡིད་བཞིན་ནོར་བུ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་རྟེན་མན་ངག་མཁའ་འགྲོའི་ཐུགས་རྒྱུད་དང་བཅས་པ་ཞལ་གཟིགས་པ་ནས་བཟུང་མཁས་གྲུབ་དམ་ཅན་ལས་འཁོལ་ཤ་སྟག་བྱོན་པའི་རྗེས་འཇུག་དབང་གིས་སྨིན་ཅིང༌། དུས་གྲངས་ཀྱི་བསྙེན་པ་མཐར་ཕྱིན་པ་འདོན་པ་ལག་ལེན་བྱང་ཆུབ་མང་ཞིང༌། འགའ་ཞིག་ནི་དེའི་ཁར་གདམས་ངག་ཡོངས་རྫོགས་ཐོབ་ཅིང༌། ཉམས་ཁྲིད་བསྐྱངས་པས་བསྐྱེད་རྫོགས་ཀྱི་གོ་མྱོང་ཡང་ཡོད་པ་རིམ་ཅན་དུ་བྱུང་བས་ན། འགྲོ་བ་ཐམས་ཅད་ཀྱཻ་རྡོ་རྗེའི་རང་བཞིན་དུ་རྣམ་པར་དག་པ་ལྟ་བ་སོགས་གསང་