[A:༢༢༤]སྒྲོགས་ཀྱི་ཉེས་པ་ཡོང་དོན་མེད་ཅིང་བསེ་མགོན་ཡིད་བཞིན་ནོར་བུ་ལྟ་བུ་འཆམ་སྟབས་ཀྱིས་སྤྱན་འདྲེན་མཛད་པ་ནས་བཟུང་བཀའ་གཉན་གྱི་གར་འཆམ་དུ་མར་མངའ་བརྙེས་པས་འདི་བཞིན་འཆམ་པར་ཉེས་པ་མེད་པའི་གཏན་ཚིགས་ཡང་དག་པ་ཡོད་པ་བཞིན། མཉེས་ཆས་དང་དངོས་གཞིའི་གཏོར་བཟློག་རྣམས་གཟབ་སྤྲོས་ཀྱིས་མིག་གང་གི་ལྟད་མོ་ལྟ་བུར་འཆམ་དུས། གནམ་གཤིས་ཤིན་ཏུ་འཇམ་ཞིང་གྲ་འགྲིག་བྱུང༌། འོན་ཀྱང་འཆམ་ར་དོག་ཅིང་དོ་དམ་པ་རྣམས་ཀྱིས་གཏོང་མ་མཁས་པས་ཁྲོམ་རྣམས་འདོད་པ་རྫོགས་པ་རང་ནི་ཇི་འདྲ་བྱུང་ཡོད་དམ། བུད་མེད་གཅིག་མི་ཉོག་གིས་བརྫིས་པ་བྱུང་བས། ཁྲིམས་པ་ཚོས་ཞབས་ཕྱི་གོ་མ་ཆོད་པ་དེ་རིགས་ལ་སླད་ནས་ཀྱང་སྒྲིམ་དགོས། ཞེས་གསུངས། བསྐང་གསོ་བརྒྱ་ཚར་གྲོལ་ནས་ཚོགས་སུ་མི་ཁྲོམ་རྣམས་ནུབ་སྒོ་ནས་ཡོང༌། ཤར་སྒོར་འཐོན་པའི་བཀའ་འདོམས་བཅས་མི་འཁྲུགས་པ་དང་སྒྲིབ་སེལ་གྱི་གཟུངས་ལྗགས་བཟླས་དང་། བདག་གཞན་བརྗེ་བའི་བྱང་ཆུབ་སེམས་ཀྱི་གཏོང་ལེན་དང༌། མདོར་ན་མཐོང་ཐོས་དྲན་རེག་ཐམས་ཅད་ལ་སོ་སོའི་གནས་སྐབས་དང་མཐར་ཐུག་གི་དོན་ཡིད་བཞིན་དུ་འགྲུབ་པའི་སྤྱན་དམིགས་དང་ཆབས་ཅིག་ཕྱག་དབང་བསྩལ་བ་སྟེ་འདི་ལྟ་བུའི་ཐུགས་བསྐྱེད་དང་སྤྱན་དམིགས་ནི་རྣམ་པ་ཀུན་ཏུ་མངའ་བའང་འདིས་མཚོན་ནུས་པ་བཅས་ཚེ་སེམས་ཡོ་བྱད་ལས་སྐྱེ་བ་མོས་པ་སྨོན་ལམ་སོགས་ལ་དབང་བརྙེས་པས་ན། སྐྱེ་དགུ་རྣམས་ཀྱི་རེ་འབྲས་ཡིད་བཞིན་དུ་འགྲུབ་པར་གདོན་མི་ཟའོ། །