R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༢༥
[A:༢༢༥]དགུང་གྲངས་སོ་དྲུག་ཏུ་ཕེབས་པ་ཤིང་སྤྲེལ་རྒྱལ་ཟླའི་ཚེས་གཅིག་ལོ་གསར་ལ་འཕྱར་དར་ཚང་མ་དཀར་པོ་དང༌། ཚོགས་པས་གོས་བེར་གྱོན་པ་སོགས་སྔར་སྲོལ་མེད་ཀྱང་ཁྱད་མཚར་མཛད་པ་དང༌། ཚོམས་ཆེན་གནམ་ཡངས་ལ་ནོར་བུའི་དོ་ཤལ་ཐོག་མར་འགྲེམས་གནང་གི་སྐབས་དང༌། བཞུགས་གྲལ་ཐོག་ངོར་གྱི་ཞབས་དྲུང་ཡས་མས། སྡེ་དགེ་སྐུ་ཚབ་རྣམས་ཀྱིས་ཐོག་དྲངས། གཞིས་བྱེས་ཀྱི་སྐུ་མགྲོན་རྣམས་ཚོགས་དུས་སྡེ་དགེ་ནས་གཟུངས་གྲྭ་ལྔའི་སྐུ་སྒྲོས་གཙང་རྣམས་ཕུལ། དེ་ནས་གཏོར་སྤོད་རྣམས་མཛད་མུར་མངའ་ཞབས་ཚང་མ་དང༌། གཞན་ཡང་འགའ་ཞིག་ནས་བྲོ་གཞས་ཉམས་དགའི་རྩེད་འཇོ་ཡང་ཕུལ། ནུབ་གཅིག་རྗེ་རྡོ་རྗེ་འཆང་ཆེན་པོ་ཚ་བའི་སྙུན་ཆེ་ཙམ་ཕེབས་ཀྱང་སང་དེ་གར་སོང་ཆ་མེད་དུ་དེངས་པའི་ཚུལ་མཛད། ཟླ་བ་དེ་སྐུ་གདུང་རིན་པོ་ཆེ་ཞལ་གཟིགས་ནས་བཅུ་པ་སྐུ་མདོག་ཚུལ་དེ་ཡིན་པ་བཞིན། རྗེ་ཉིད་ནས་གྲུབ་རྒྱལ་མ་དང་ལྕགས་སྡོང༌། རྟ་མགྲིན་སྐྱེར་སྒང༌། བླ་མ་ཞི་ཁྲོ། ལྕགས་སྡོང་ལྷ་མང་བསྩལ་བས་སྐུ་གེགས་དབྱིངས་སུ་ཡལ། རྟ་ཟླའི་ཚེས་གཅིག་ནས་དགུང་སྐེག་སྔ་བསུའི་མཚོན་ཕྱི་སྐྱེལ་བཅས་ཞི་ཆེད། སྐུ་ཚེ་ཚེ་ཆོག་ལོ་གསུམ་མ་བཅུ་ཚིགས་རྒྱས་པའི་སྦྱིན་སྲེག་བཅས་ཚུགས་པའི་སྔ་དྲོ་དམ་ཚིག་ཕྱག་དྲིལ་ཐེག་ཆེན་མ་ཁྱད་མཚར་རེ་སྐྱོན་ཅན་དུ་གྱུར་པས་ཉིན་གང་ཐུགས་གྲང་སྟོང་ངེ་བྱུང་གསུངས། ལོ་གསུམ་རིང་ཐེག་ཆེན་གན་དྲིལ་གཞན་ཞིག་གནང་བ་ཡང་མི་རིང་བར་གས་འཛེར་དུ་སོང་བ་དང༌། ཕྱིས་ཀྱི་དམ་ཚིག་ཕྱག་དྲིལ་འདི་ནི་འཇམ་མགོན་མཐུ་སྟོབས་