R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༢༦
[A:༢༢༦]དབང་ཕྱུག་གི་ཕྱག་དྲིལ་དེ་ཡིན་གསུངས་པ་བཞིན་ནོ། །སོ་བདུན་སྐེག་འདི་གོང་གི་གཏེར་སྟོན་གྱི་ལུང་བཞིན་ཤིན་ཏུ་འཚུབ་དུས་དེ་ཡིན་གཤིས། སྔོན་འཚུབ་དེས་ཀྱང་སྐུ་གེགས་རྨེག་མེད་དུ་གཞོམ་པར་མཛད་པ་ཡིན། དབོ་ཟླ་ཙམ་ནས་སྒྲོལ་སྐུ་གསེར་ལྗང་མ་དང་གྲྭ་ལྔའི་ལུགས་སྐུར་ཕྱག་ནས་བརྒྱ་ཚར་དང༌། ནག་ཟླའི་ཚེས་འགོ་ནས་འཆམ་དཔེ་སྣང་བ་འགྱུར་ཐུབ་དཔང་པོར་བཟུང་བར་མཛད་དེ། རྗེ་རྡོ་རྗེ་འཆང༌། བརྒྱ་དཔོན། ཟུར་འཆད་གྲུབ་དབང་བཅས་ཞལ་རྒྱས་ནས་ཕུར་འཆམ་ལ་ཞུས་དག་བཀའ་དྲིན་བསྐྱངས་ཏེ། དེ་ཉིད་དང་རྗེ་ཉིད་ཀྱི་གསུང་རྩོམ་ཁ་ཤས། གསུང་ངག་སྐོར་སོགས་མང་པོ་ཞིག་དུས་ཕྱིས་པར་ལ་འཁོད་པར་མཛད། སྣྲོན་ཟླའི་གཟའ་ཚེས་དགེ་བའི་ཐོག་ཞལ་དྲོ་ལྷ་ཁང་གི་ས་ཆོག་ལ་ཕེབས་པས། རྡོ་སྐས་རིང་མོའི་འགོར་དབང་ལྡན་བར་ཚོ་བའི་གཉེར་བ་དཔལ་ལྡན་སྒོས་སྐྱེས་ཟེར་བ་འབུལ་ཆ་དང་བཅས་བྱུང་བ། མིང་བཀྲ་སོགས་གང་ས་ནས་ལམ་བཀྲ་ལེགས་པ་དང༌། ཁོ་རང་ལའང་དེ་སྔོན་ནས་མི་ཐོད་ཀླད་པ་བཅས་རྙེད་པ་སོགས་གཙུག་ལག་ཁང་འདིར་དགེ་བའི་མཚན་གསལ་བཅས། ས་ཕྱོགས་དེར་འབྲུའི་ཆར་དང༌། དབལ་གྱི་ཟས་མཆོག་འགྲིམས་པ་སོགས་ས་ཆོག་སྤྱི་བྱེ་བྲག་སྐབས་ས་ཁྲོད་ནས་ཡུངས་དཀར་མངོན་སུམ་དུ་འཐོན་པ་སོགས་རྙེད་ལེགས་པའང་བྱུང་གསུངས། རིམ་གྱིས་གཙུག་ལག་ཁང་གསར་བསྐྲུན་གྱི་དབུ་ཚུགས། དེའི་བཅུ་བཞི་ནས་མེ་ཕག་ནག་ཟླའི་བཅུ་གཉིས་བར་ལ་རྙིང་ལུགས་འཁོར་ལོ་འབར་བ་སྒྲོས་བཅས་མཛད་པའི་བཟླས་གྲངས་ཆིག་འབུམ་ཁྲི་དྲུག་སྟོང་ལྔ་