R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༢༩
[A:༢༢༩]རབ་གནས་གྲོལ་ཉིན་སྦྱིན་བདག་བསྒོ་བར་སྐུ་གདུང་རིན་པོ་ཆེ་བྱོན་ཐོག་རྟེན་གཙོ་རྣམས་ཀྱི་དབུ་ཐོག་གདུགས་དང༌། སྐུ་མདུན་དུ་མཆོད་པའི་བྱེ་བྲག་བླ་བྲེ། འཕན། མར་མེ། ཞལ་ཟས། རྔ་ཟླུམ། འཁར་རྔ། དུང་སོགས་གཙུག་ལག་ཁང་གི་ཉེར་སྤྱད་རྣམས་ཕྱག་ཏུ་བསྟར་ཙམ་རེ་མཛད་ནས། སྐུ་རྣམས་ཀྱི་དྲུང་དུ་ཕུལ་ཏེ་བཞུགས་ཁྲི་ལ་ཕེབས་པའི་ཐོག་མ་རང་དེ་འགྲིག་པས་རྫས་བརྒྱད་མངའ་གསོལ་ཤུགས་འབྱུང་དུ་བྱུང་བའང་སྔར་འདྲ་འདྲ་འགྲིག་འགྲིག་མཛད་པ་མ་ཡིན་པར། རང་འགྲིག་དེ་རིང་རྣམ་པ་ཀུན་ཏུ་མང་དུ་བྱུང་བ་རྣམས་ནི་ཡབ་སྲས་ཡུམ་བཅས་ཀྱི་ངོ་མཚར་བའི་མཛད་པ་ཤ་སྟག་གོ །དེ་བསྟུན་གྲྭ་ཚང་ནས་ཀྱང་རབ་གནས་གནང་བའི་ཕྱི་བསྐོར་དང་བསྟུན་སྐུ་རྣམས་གཙུག་ལག་ཁང་དུ་ཕེབས་རྒྱུའི་ཞལ་བཀོད་ཀྱིས། ཚོམས་དམར་དུ་གཟིམ་འོད་དང༌། ཞལ་དྲོར་དྲུང་ཡིག་ཀུན་ཕུན་གྱིས་དོ་དམ་ཞིང༌། གཙུག་ལག་ཁང་གི་རྩེ་ནས་ཆོས་དུང་རིན་པོ་ཆེའི་གསུང་བསྐུལ་ཏེ། བཞི་ཐོག་ནང་ནས་ལྟག་སྒོའི་རྡོ་སྐས་བར་བཙུན་ཆུང་མཆོད་རྫས་ཅན་ཁ་ཤས་ནས་གདུང་རབས་མྱུར་འབྱོན་སྨོན་ཚིག་བརྗོད་ཅིང༌། རྡོ་སྐས་འགོ་ནས་ཞལ་དྲའི་བར་བྱིས་པ་ལང་ཚོ་བཅུ་དྲུག་ལོན་པ་ཁ་ཤས་མདུང་འཛིན་པ་དང༌། ཕྱེ་མར། སྣོད་འབྲུས་གང་བ། མཆོད་རྫས་སོགས་ཀྱིས་སྣ་དྲངས་སྐུ་རྣམས་རིམ་བཞིན་སྐྱ་སེར་གཟབ་མཆོར་ཅན་ནས་སྤྱན་འདྲེན་སྐབས་རྗེ་རྡོ་རྗེ་འཆང་སྲས་ཡུམ་རྣམས་རྩེ་ནས་གཟིགས་རྟོག་གི་ཚེ། རྗེ་ཉིད་ཀྱི་ཐུགས་ལ་བསྟན་པའི་རྩ་བ་གདུང་རབས་རིན་པོ་ཆེ་འབྱོན་དཀའ་བ་དེ་ཙམ་བྱུང་