[A:༢༣༢]གདོང་སྣ་བའི་ཁ་མཆུའི་ངོ་ལེན་ལ་འཐོན། རྗེ་ཉིད་ནས་གོང་དཀར་འོར་སྦུག་རིན་རྩེ་རྫོང་དཔོན། སྡེ་དགེ་ཨ་འགྲོ་སོགས་ཀྱི་རེ་སྐོང་དང༌། འབྱུང་འགྱུར་སྐུ་གདུང་རིན་པོ་ཆེ་གེགས་མེད་དུ་ཕེབས་ཐུབ་པ་དང༌། སྡེ་དགེར་རྒྱལ་སྲས་འབྱུང་བ་སོགས་ཀྱི་ཆེད་དུ་མགོན་ཁང་ཁག་བཞིར་དཔལ་གྱི་ཞལ་ཟས་འཛུགས་གནང་གིས་འཕྲིན་འཆོལ་གནད་སྨིན་མཛད་པའི་སྐབས་སོ།།
དགུང་གྲངས་སོ་བརྒྱད་དུ་ཕེབས་པ་མེ་ཁྱི་རྟ་ཟླའི་བཅུ་བཞི་ཉི་མ་རྒྱལ་འཛོམ་ཉིན་གདུང་རྒྱུད་སྐུ་བལྟམས་ཟིན་པ་དང༌། མི་འགྱངས་པར་བལྟམ་རྒྱུ་བཅས་ཀྱི་སྐུ་གེགས་སེལ་ཕྱིར། གདུགས་དཀར་ཉེར་བདུན་མའི་དབང་རས་དཀྱིལ་སྟེང་ནས་མཛད་དུས་ཕུན་ཁང་དཔོན་ནས་བྱམས་སྐུའི་རྒྱབ་ཡོལ་གྱི་བཟོ་གདན་སར་དབུ་འདོན་མཐར་ཕྱིན་ལེགས་པོའི་གྲས་ལ་དངུལ་གྱི་མཎྜལ་ཆེ་ལེགས་ཤིག་ཕུལ་བ་སྟ་གོན་ཉིན་ཚོམ་བུ་བཀོད་ཆོག་དང༌། བཅོ་ལྔ་དབང་གི་དངོས་གཞིའི་ཉིན་མེ་ཏོག་སེར་པོ་ཁ་གསར་འབུལ་མི་བྱུང་བ་སོགས་རྟེན་འབྲེལ་གྱི་ལ་ཉེ་ཤིན་ཏུ་ཤིས། བཅོ་བརྒྱད་དང་བཅུ་དགུར་གཤེད་དམར་རས་དཀྱིལ་ཐོག་ནས་སྟ་གོན་མཛད་དེ་སྐུ་གདུང་རིན་པོ་ཆེ་དགུང་གྲངས་བཞི་པ་དང༌། ཡུམ་སོགས་ལ་དབང་བསྐུར་མཛད་པས་གནས་དང་དབང་རྫས་སོགས་ཕལ་ཆེར་གདུང་རྒྱུད་རིན་པོ་ཆེའི་མཁྱེན་མཚོར་ཞུགས་པས་རྗེ་ཉིད་ཐུགས་དགྱེས། སྐུ་ཆུང་བ་ནི་དེ་དུས་ཡུམ་གྱི་ལྷུམས་ན་མཆིས་པས་རྗེ་ཉིད་ནས་སློབ་མ་སྟ་གོན་དང་དངོས་གཞི་ཐམས་ཅད་ལ་སྤྱན་དམིགས་ཡང་དག་མཛད་པས་བཀའ་དབང་དེ་གསན་པའི་གོ་ཆོད་པ་ཙམ་ཡོད་གསུངས།