R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༣༣
[A:༢༣༣]དེ་སྐབས་ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་རྗེ་ཉིད་ཀྱི་འོད་གསལ་དུ་ཡང་ཡང་དུ་དགྱེས་ཉམས་ཅན་དུ་ཕེབས་ཏེ། དབུགས་དབྱུང་གཟེངས་བསྟོད་ཀྱང་བསྩལ་ཞིང༌། དུས་རྟགས་དང་བསྟུན་བསམ་ཡས་སུ་རྒྱལ་པོ་སྐུ་ལྔ་དང་ཡ་བ་སྐྱ་བདུན་གྱི་རྟེན་མདོས་ཀྱང་འཛུགས་པར་མཛད། དེ་ནས་འཆར་འཕར་གྱི་བསྟན་མཁས་བགྱི་བས་དུས་འདའ་བཞིན་པར། ས་གའི་ཚེས་གཉིས་གསུམ་སྐབས་རི་བོ་ཆེ་ནས་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྣམ་ཐར་སྔ་བསྒྲིགས་སུ་གྲགས་པ་པར་མ་ཞིག་ཕྱག་ཏུ་སོན་པ་ལྗགས་ཀློག་གི་མུ་དང༌། ཚེས་གསུམ་ཉིན་བན་ཚང་པར་རྗེ་ཉིད་ནས་གསར་བཙུགས་མགོན་མདོས་དང༌། དམ་ཚིག་བསྐང་བའི་ཕྱག་ཆར་སྦྱོར་འཇགས་ཀྱི་སྡེར་དྲིལ་ཐེག་ཆེན་འདྲ་ཅོག་དངོས་གཙང་འགའ་ཞིག་སྒྲིག་གནང་དེའི་སང་ཤར་མ་སྐྱ་ཙམ་ཟླ་ལག་ཆུ་ནང་འཕྲད་པ་བདུད་རྩི་སྦྱོར་བའི་ཐོག སྐུ་གདུང་རིན་པོ་ཆེ་བལྟམས་རན་པས་གང་ཅིའི་བཅའ་སྒྲིགས་ཆུ་ལུག་བཞིན་མཛད་དེ། བདེ་བར་བལྟམས་པས་ལེགས་སོ་བཀྲ་ཤིས་ཀྱི་མངའ་གསོལ་སོགས་གནང༌། ཉི་ཤར་ཐོག་གཟིམ་ཆུང་རྩེར་རྗེ་ཉིད་ནས་ལྷ་བསངས་མཛད་རྗེས་ཚེ་དཔག་མེད་ཀྱི་སྐུ། རྣམ་རྒྱལ་སྒྲུབ་ཐབས་རྗེས་གནང༌། ཛ་བིར། སྡོམ་རིག རིག་གནས་སྐོར། རྡོ་དྲིལ་སོགས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྟེན། བདོག་པའི་དངོས་པོ་དང་བཅས་ཐུགས་དགྱེས་བཞིན་དུ་བསྩལ་ཏེ་ཤིས་བརྗོད་ཀྱི་མེ་ཏོག་དང༌། རིམ་བཞིན་ཚེ་དཔག་མེད་ཀྱི་བཀའ་དབང་སོགས་གནང༌། དེ་ཉིན་མཛོད་འཛིན་ནས་ཞལ་དྲོ་ལྷ་ཁང་གི་མཆོད་ཀོང་གསེར་ལྗང་མ་འབྲས་བུས་ཕྱུར་ཏེ་