[A:༢༣༦]མཁན་ལྔར་བསྐྱེད་ཆོག་གནང༌། དེ་ནས་རྗེ་ཉིད་ཀྱིས་མགོན་ཁང་བཞིར་གདུང་རྒྱུད་གེགས་མེད་ཕེབས་པའི་གཏང་རག་ཐོག་འཛུགས་གཏོར་འབུལ་གནང་གིས་སྐྱེད་ལྷས་ལྷོའི་སྤང་སྟེང་དུ་གཏོར་འབུལ་དུས་དཔལ་བཤོས་དེ་མགོན་ཁང་དུ་ལུས་པས་སླར་ཡང་འཕྲིན་འཆོལ་རྒྱུན་མཐུད་ན་དགེ་མཚན་འཁྲུངས། བསམ་བརླིང་ལྷོ་རི་རྡོ་གདུགས་འདི་གཅུང་དམ་པའི་བླ་རི་དང་ས་འཛིན་ཡང་རྩེར་མངའ་གསོལ་མཛད་དེ། སླར་ཡང་སྐྱེད་ལྷས་སུ་དམ་རྫས་རྒྱན་ལྡན་གྱི་གཏོར་ཆེན་འཛུགས་གནང་གིས་གཏོར་བསྔོ་དང་བསྐང་བ་བརྒྱ་རྩ་དང༌། དེ་ནས་ལྷ་ཁང་མཁན་ཆེན་ལ་ལོ་གང་ལྟར་གཏོར་བསྔོ་དང་བསྐང་བ་བརྒྱ་རྩ་ཆག་མེད་མཛད་དགོས་འདོམས་པར་མཛད་དེ་ཕུར་སྒྲུབ་འཕྲིན་འཆོལ་སོགས་དང༌། ལྷོར་སྤོ་གནང་གིས་ཕེབས་འཕྲལ་ཤིས་བརྗོད་སྦྱངས་ཁྲུས་ཚེ་ཆོག་ལྷ་བསངས་གཏོར་སྤོད་སོགས་མཛད། དེ་ནུབ་རྡོ་རྗེ་ཕུག་ནས་སྲས་མོ་དཔལ་ལགས་འཇིགས་སྣང་ཞིག་གི་རྐྱེན་གྱིས་མཚན་ལངས་བྱུང་བ་མ་འགྱངས་པར་ཞིང་བརྗེ་བའི་ལྟས་དང༌། ཟླ་ནང་དེར་སྲས་མོ་སྐུ་ཆོས་མཛད་པའི་མཚན་ཚུལ་ཁྲིམས་དཔལ་རྒྱས་དབང་མོར་གསོལ། ཕུར་སྒྲུབ་སྐོར་ཆུ་ལུག་བཞིན་མཛད་རྗེས་བཞི་ཐོག་ཕོ་བྲང་དུ་ཕེབས། གཞི་ནས་རྗེ་རྡོ་རྗེ་འཆང་ནས་སྒྲུབ་མཆོད་སོགས་ལ་ཕེབས། དབང་བསྐུར་བགྲང་ཡས་མཛད་པ་སོགས་སྔགས་འཆང་ཆོས་ཀྱི་རྒྱལ་པོ་དང་འཇམ་མགོན་ཨ་མེས་ཞབས་ཀྱི་མཛད་སྒོ་ཤ་སྟག་ལས་ཀྱང་བརྒལ་བ་གནང་ཞིང༌། དེ་ནས་མེ་ཁྱིའི་བར་ལོ་དགུ་ཙམ་གྱི་རིང་ཕུར་སྒྲུབ་མདོས་གཏོར་སྤོད་སོགས་གལ་ཆེ་རིགས་མ་གཏོགས་