[A:༢༣༧]ཕལ་ཆེར་ལ་ཕེབས་མ་ཐུབ་ཀྱང༌། འདི་ནས་བཟུང་ཆོས་སྡེ་ཉི་ཟླ་རྣམ་གཉིས་ཀྱི་སྒྲིགས་ལ་རྟག་པར་ཕེབས་པའང་རྗེ་ཉིད་ཀྱི་ཚོགས་གསོག་སྒྲིབ་སྦྱོང་ཉི་སྐྱེལ་ལྟ་བུ་མ་ཡིན་པར་ཐུགས་ཀྱི་མཐིལ་ལ་འདི་ལྟར་འཁྲུངས་ཏེ། སྔོན་གྱི་བླ་མ་གོང་མ་ཕལ་ཆེར་སྒྲིགས་རྒྱུགས་རང་མཛད་ཅིང༌། ཁྱད་པར་སྔགས་འཆང་ཡབ་སྲས་དང་ཨ་མེས་ཞབས་ཡབ་སྲས་རྣམས་ནས་ཚོགས་འདོན་གསུང་བསྐུལ་དང་རོལ་དཔོན་སོགས་རྟག་པར་མཛད། དབྱར་དགུན་གྱི་གཞིས་ལེན་གསུང་ཆོས་རྣམས་ལ་ཆག་མེད་ལྟར་ཕེབས་སྲོལ་ཡོད་པ་ནི་དམ་པ་དེ་དག་གི་རྣམ་ཐར་ན་གསལ་ཞིང༌། བྱེ་བྲག་སྔགས་འཆང་ཆེན་པོ་ཞིང་བརྗེ་ཁ་མར་ཟླ་བ་སྔ་མའི་ཕུར་སྒྲུབ་རོལ་དཔོན་མཛད། ཨ་མེས་ཞབས་དགུང་གྲངས་རེ་གྲངས་ཙམ་ན་གསུང་ལས། ཚོགས་འགྲོ་མི་ཐུབ་པའི་ལུས་འདི་བརྗེས་ན་དགའ། ཞེས་སོགས་ཀྱི་གནས་ཚུལ་དཔགས་ལ་ན། ཐོས་བསམ་སྒོམ་པ་འཆད་རྩོད་རྩོམ་པ་སོགས་མཛད་པས་སངས་རྒྱས་ཀྱི་བསྟན་པ་སྤྱི་བྱེར་འཕེལ་རྒྱས་འབྱུང་གི གཞན་དུ་སངས་རྒྱས་ཀྱི་བསྟན་པ་རི་རབ་ཁང་ཁྱིམ་སོགས་སྣོད་ཀྱི་གཟུགས་དང༌། མི་ལ་སོགས་པ་བཅུད་ཀྱི་གཟུགས་ནི་མིན་པས་དེ་བཞིན་དུ་ཤེས་དགོས་པས་ན། སྔོན་གྱི་རྗེ་བཙུན་གོང་མ་བཞིན་མཁས་གྲུབ་གྲགས་པ་ཅན་བྱུང་ན་མཆོག་དང༌། གཞན་དུ་མཁས་པ་དང་བསྟན་པའི་བྱ་བ་རྣམས་དང་ཡ་རབས་བཟང་པོའི་ངང་ཚུལ་ནི་གཞར་ཡང་མི་བསྐྱུད་པ་སྔར་བས་ཀྱང་ལྷག་པ་སངས་རྒྱས་ཀྱི་བསྟན་པའི་ཆེད་དུ་སྒྲིགས་རྒྱུག་གི་འཁུར་འདི་བཟོད་པར་བྱའོ་དགོངས་པའི་དམ་བཅའ་ཐུགས་ལ་བཀོད་པ་ཡིན་གསུངས། ཁྲུམས་