[A:༢༣༨]ཟླའི་གསང་འདུས་ལ་ཕེབས་སྐབས་ཤིག དཔལ་ལགས་དེ་གློ་བུར་དུ་སྙུན་བབ་ལྕི་བ་གཟིགས་པས་འཕྲོད་བཞེས་རིམ་གྲོ་སོགས་ཡང་དག་མཛད་ཀྱང་བཟློག་མེད་ཀྱི་རེ་ཞིག་ནས་སྐུ་མི་འཚོ་བར་མཁྱེན་ཏེ། སོར་འབྲང་འཁོར་ལོ་སྒྲོན་པ་བདུད་རྩི་སྩོལ་བ་སོགས་མཛད་དེ་ཉེར་བཞིའི་ཐོ་རེངས་དག་ཞིང་དུ་ཕེབས་འཕྲལ་རྗེ་ཉིད་ནས་མི་འཁྲུགས་པ། ཀུན་རིག སྨན་བླ་སོགས་ཀྱི་གཟུངས་སྔགས་བསྔོ་སྨོན་གྱིས་མཚམས་སྦྱོར་བཅས་དང༌། སྲས་ཡུམ་གྱི་སྐུའི་རིམ་གྲོར་བཟློག་པའི་རིགས་མང་དུ་མཛད་རྗེས། དགོངས་རྫོགས་རྣམས་བརྒྱ་དཔོན་ལ་བཀའ་འདོམས་བཅས། རུས་ཆོག་སྤུར་སྦྱངས་སཙྪ་སོགས་དང༌། མཆོད་འབུལ་བསྙེན་བཀུར་རྗེ་ཉིད་ནས་བྱང་བུ་ལམ་སྟོན་སོགས་མཛད། དེའི་ཚེ་གཅུང་དམ་པ་འཁྲུངས་པའི་དགའ་སྟོན་དུ་ཡུལ་ཆེན་བན་ཚང་བས་ལས་མཁན་རུ་འདྲེན་བཅས་ཀྱི་འཆམ་གཟིགས་འབུམ་མཁན་ཡོད་ཀྱང་ཕུགས་ཀྱི་རྟེན་འབྲེལ་ལ་དགོངས་ཏེ་བཀག་མེད་གནང༌། དབྱུག་ཟླའི་ས་མཆོད་སོགས་སྟོན་དགུན་སྒྲུབ་མཆོད། གཏོར་བཟློག དགུན་ཆོས་སོགས་ཚང་མར་ཕེབས་མུའི་སྨིན་ཟླའི་ཚེས་དགུར་ལྷོ་ཕྱོགས་ཀྱིས་མཚོན། ལུང་པ་དུ་མར་ཐུགས་དྲན་མི་གསལ་པའི་གངས་ཆེན་པོ་བབས་པ་དང༌། གོང་མའི་རྣལ་འབྱོར་མའི་དུས་ཚོམས་ཆེན་འགག་ཏུ་གང་ནས་འོང་མེད་པའི་འུག་ཕྲུག་བྱུང་བའི་ངན་ལྟས་བཟློག་ཆེད་སོགས་ལ་ཐུགས་གཞོལ་བའི་སྐབས་སོ།།
དགུང་གྲངས་སོ་དགུར་ཕེབས་པ་མེ་ཕག་རྟ་ཟླར་མགོན་ནུབ་གཏོར་སྤོད་དང་བསྟུན་ཐུག་རྣམས་ཉམས་གསོ་དང༌། འཛུགས་ཆོག་བན་ཚང་