[A:༢༤༤]སོགས་ཀྱི་བཞེས་འབག སྐུར་སྒྲོན་པའི་ཕྱག་མཚན་དར་ཕོན་རྣམས་བཅས་ཕལ་ཆེར་བསྡུ་བར་མཛད། རྟག་གཏོར་གྱིས་མཚོན་གཏོར་སྒམ་རྣམས་ནང་སོའི་ཐོག་ནས་ཚོམས་ཆེན་དུ་གདན་འདྲེན་དང༌། གཏོར་སྒམ་ཆེ་བ་སྤྱན་གཟིགས་སོགས་རིམ་བཞིན་བསྡུ་བའི་བཀའ་འདོམས་སྩོལ་རྗེས། བན་ཚང་ལྷ་བྲིས་བསྙེན་སོང་གཉིས་སོགས་ཁ་རས་ལག་བཀྲུ། སྔགས་འཆང་ཆེན་པོའི་བདུད་རྩི་ངོ་མ་བཟོས་རྗེས། སྐུ་ས་འབྱར་མ་བསྒུལ་བས་ཐོག་མར་ལྕིད་ཆེ་བ་སོགས་རྒྱུ་མཚན་དུ་མས་དཀའ་བར་གྱུར་དུས། མཛོད་འཛིན་ཡང་ཡང་དུ་སྐུ་མདུན་དུ་ཕེབས་ཏེ་གང་ཅིའི་སྙན་འབུལ་དང༌། དར་ཙམ་ཞིག་ནས་རྗེ་ཉིད་གནས་བཅུ་ནས་འཛམ་གླིང་ཕུན་ཚོགས་དཔལ་འབར་དུ་ཞབས་གཡས་ཀྱི་ཚིགས་འཁྲོལ་བས་འཐེང་བཞིན་དུ་ཕེབས་འཕྲལ། མཛོད་འཛིན་ནས་སྒོ་སྒྲིགས་སྟེང་དུ་སྤྱན་འདྲེན་ཐུབ་ཅིང༌། ཞབས་གཡས་ལ་ཕྲུམ་ཅུང་ཟད་མ་གཏོགས་སྐྱོན་མེད་ཀྱི་གནས་ཚུལ་རྣམས་ཕུལ་བས་ཤིན་ཏུ་དགྱེས་ཏེ། ཟངས་འཁོར་ཆེ་ཆུང་སྣ་ཚོགས་སོགས་ཆུ་སྣོད་གཙང་མ་ཐོགས་མེད་འདུ་མཛད་དེ། མགོན་ཁང་རྒྱབ་ཀྱི་ནང་དེའི་ལྷོ་དང་ཐོག་ལ་སྒོ་ཕུག་སྟེང་དུ་འགྲོ་ཡུལ་སྐས་དང༌། མགོན་ཁང་ཆེན་མོའི་སྒོ་གླེགས་གཉིས་ཀྱང་ཕུད་ཆོག་གིས་སྐུ་དང་ཟངས་ཆེན་སོགས་བཞུགས་ཡུལ་རྣམས་ལྷུས་ཐིངས་མཛད་རྗེས། སང་སྔ་བར་རྗེ་རྡོ་རྗེ་འཛིན་འཁོར་ཚོགས་གང་འཚམ་དང་བཅས་རྣམ་འཇོམས་རྒྱུན་སྒྲུབ་གནང་མུའི་བུམ་པ་དང་ཆུ་སྣོད་སོགས་ལ་བྱུགས་རྫས་དྲི་བཟང་བྱིན་ཕྱེ་སྦྱར་བ། དེ་སྐོར་ལ་གནང་རྒྱུའི་སྔགས་འཆང་ཆེན་པོའི་བདུད་རྩི་ངོ་མ་རྣམས་སྔོན་འགྲོའི་