R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༤༦
[A:༢༤༦]དྲངས་གྲུབ་ནས་བན་ཚང་པ་བརྒྱད་ཀྱིས་ཟངས་ཆེན་སྤྱན་འདྲེན་གདོང་རྗེ་ཉིད་ནས་གོང་བཞིན་བུམ་ཆུས་སྣ་འདྲེན་གྱིས་མགོན་ཁང་ཆེན་མོར་སྤྱན་དྲངས་ཏེ་ཆུས་བཀངས། འཕགས་པ་དང་ས་ལོའི་ཐུགས་དམ་མ་ལྕམ་དྲལ། པུ་ཏྲ། སྨུག་ཆུང༌། ཨ་མེས་ཞབས་ཀྱིས་བཞེས་འབག བྲིས་སྐུ་ཕྱག་མཚན་སོགས་བྱིན་རླབས་ཆེ་གྲས་རྣམས་གནས་དེར་བཞུགས་ཤིང༌། གཞན་མ་སྐུ་ཚབ་རྣམས་ལ་བཀའ་འདོམས་ཏེ་གདན་ནས་བཏུ་བའི་སྐབས། མགོན་ཁང་རྙིང་མ་དེའི་སྟེང་འོག་བར་གསུམ་གྲུམ་ཆེན་འགྲོ་མི་ནུས་པ་ལྟ་བུ་ཀུན་གྱིས་གསལ་བར་མཐོང་ཞིང༌། གཏིང་རྒྱུགས་ཁང་ཐོག་གི་ཆམ་གདུང་སྤྱི་དང༌། ཁྱད་པར་པུ་ཏྲའི་བཞུགས་ཐད་དེའི་གདུང་ལ་ཉེས་ཆེན་པོ་ཡོད་པ་སོགས་དུས་གསུམ་སྒྲིབ་མེད་གཟིགས་པའི་ཉམས་གསོ་དུས་བབས་དང༌། སང་ཉིན་ཟངས་ཆེན་སོགས་སྤྱན་འདྲེན་གྱི་དོ་ནུབ་འཆམ་ཁང་གཞུང་སོགས་ཁང་ཉེ་འབྲེལ་མཚུངས་སུ་སྡོད་མི་ཕལ་ཆེར་གྱི་ཐོག་སྟེང་ལ་སྡིར་ཆོམ་དང༌། གཉེར་དྲུང་རྡོ་རྒྱལ་གྱི་ནང་དུ་མི་འོང་བ་ལྟ་བུའི་ཤབ་ཤིབ་མང་པོའི་མུར་ནང་དེའི་ཀ་དྲུང་ནས་ལངས་པ་འདྲ་བའི་མི་དཀར་ནག་གཉིས་མཐོང་བ་དང༌། གཞི་ཐོག་ཀུན་ནང་ཡང་ཐུག་ཆོམ་སོགས་བྱུང་ཚུལ་གླེང་བ་བཅས་དེ་ལྟར་གཉན་ཅིང་བྱིན་རླབས་ཆེ་བའི་སྐོར་རྣམས་སྐྱེལ་བཞུགས་གྲུབ་འཕྲལ་རྗེ་ཉིད་ནས་རྣམ་འཇོམས་ཁྲུས། རབ་གནས་འབྲིང་པོ། མཆོད་གཏོར་གཟབ་འཛུགས་ཀྱིས་གཏོར་བསྔོ་བརྒྱ་རྩ་བསྐང་བ་བརྒྱ་རྩ་སོགས་དང༌། ཟླ་རེ་བཞིན་དུས་གཏོར་ཆག་མེད་རྣམས་བཀའ་དྲིན་ཆེ་ནས་ཆོས་གྲགས་པས་རྒྱུན་བསྐང་སྐབས།